རྒྱ་ནག་ཉེན་རྟོག་པས་བོད་མི་གཅིག་འབྲི་ཆུར་གཡུགས་ནས་འདས་གྲོངས་ཕྱིན་ཡོད་པ།

2021.08.16
རྒྱ་ནག་ཉེན་རྟོག་པས་བོད་མི་གཅིག་འབྲི་ཆུར་གཡུགས་ནས་འདས་གྲོངས་ཕྱིན་ཡོད་པ།
བོད་འབྱོར།

ཕྱི་ཟླ་༨ཚེས་༡༥ཉིན་བོད་ཀྱི་སྐྱེ་རྒུ་མདོའི་སྡོམ་མདའ་ཡུལ་ཚོའི་སྒྲུབ་རྒྱུད་དགོན་པའི་ཉེ་འགྲམ་གྱི་འབྲི་ཆུའི་རྒྱུད་དུ། སྐྱ་ཆས་གྱོན་པའི་རྒྱ་ནག་ཉེན་རྟོག་པ་ཁག་ཅིག་གིས་རླངས་འཁོར་སྐོར་བའི་མི་མང་ལ་ཞིབ་བཤེར་དང་འབྲེལ། བོད་མི་ཚོས་མི་སྣ་དེ་དག་ཉེན་རྟོག་པ་ཡིན་པ་མ་ཤེས་པར་ཞིབ་བཤེར་བྱས་པར་ཁ་རྩོད་བྱས་རྐྱེན། རིག་གྲགས་ཞེས་པའི་བོད་མི་ཞིག་ཉེན་རྟོག་པས་འབུད་རྒྱག་བརྒྱབ་ནས་འབྲི་ཆུའི་ཆུ་ནང་དུ་གཡུགས་ཏེ་འདས་གྲོངས་སུ་སོང་ཡོད་པ་དང་། སྐབས་དེར་ཤེས་རབ་རྒྱ་མཚོས་སྐྱ་ཆས་གྱོན་པའི་ཉེན་རྟོག་པ་དེ་དག་ལ་ངར་ངར་གྱིས་ཁ་རྩོད་བརྒྱབ་སྐབས་ཉེན་རྟོག་པ་དེས་མེ་མདའ་བརྒྱབ་ནས་ད་ལྟའི་ཆར་ཤེས་རབ་རྒྱ་མཚོ་སྨན་ཁང་དུ་ཛ་དྲག་མྱུར་སྐྱོབ་བྱེད་བཞིན་པ་ཡིན་ནའང་སྲོག་ལ་ཉེན་ཁ་མེད་སྐོར། བོད་ནང་གི་འབྲེལ་ཡོད་བོད་མི་ཞིག་གིས་འདི་ག་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགྲེལ་བརྗོད་གནང་བྱུང་།
གོང་ཞུས་གནས་ཚུལ་མཁོ་སྤྲོད་པས་མུ་མཐུད་འགྲེལ་བརྗོད་གནང་དོན་ལ་དོན་རྐྱེན་དེ་བྱུང་དུས་བོད་ནང་གི་ཉིན་རྒྱབ་ཆུ་ཚོད་༣ཙམ་ཡིན་པ་དང་། རིག་གྲགས་དང་ཤེས་རབ་རྒྱ་མཚོ་གཉིས་སྐྱེ་རྒུ་མདོ་རུ་སོང་ནས་རང་ཁྱིམ་དུ་ཕྱིར་ལོག་ཡོང་སྐབས། དོན་རྐྱེན་དེ་བྱུང་ཡོད་པ་རེད་ལ། སྐབས་དེར་རིག་གྲགས་དང་ཤེས་རབ་རྒྱ་མཚོ་གཉིས་ཀྱིས་བསྔོགས་བཤེར་བྱེད་མཁན་དེ་དག་ཉེན་རྟོག་པ་ཡིན་པ་མ་ཤེས་པས། རིག་གྲགས་ཀྱིས་བསྔོགས་བཤེར་ག་རེ་བྱས་ནས་བྱེད་ཀྱི་ཡོད་པ་དང་། ལས་ཁུངས་གང་ནས་ཡིན་པ་སོགས་དྲིས་སྟབས། སྐྱ་ཆས་གྱོན་པའི་ཉེན་རྟོག་པ་དེ་ཁོང་ཁྲོ་ལངས་ནས་རིག་གྲགས་འབུད་རྒྱག་བརྒྱབ་ནས་འབྲི་ཆུའི་གཡང་ནས་གཡུགས་ཡོད་པ་དང་། དོན་རྐྱེན་བྱུང་རྗེས་མི་མང་འཛོམས་ཏེ་འབྲི་ཆུའི་ནང་ཁོང་གི་ཕུང་པོ་འཚོལ་བར་སོང་ཡོད་ཀྱང་རྙེད་སོན་ཐུབ་མེད་སྐོར་བརྗོད་བྱུང་།
འདི་ག་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ནས་ཤེས་རྟོགས་བྱུང་བར་གཞིགས་ན། སྐྱེ་རྒུ་མདོ་རུ་འདི་ལོའི་ཕྱི་ཟླ༧པ་ནས་བཟུང་རྒྱ་ནག་ཉེན་རྟོག་པས་བོད་མི་ཚོར་ཞིབ་བཤེར་དང་། བོད་མི་ཚོའི་འགྲོ་འདུག་སྤྱོད་གསུམ་དང་སྤྱི་ཚོགས་དྲ་ལམ་སོགས་ལ་དམ་དྲག་ཤུགས་ཆེར་བྱེད་བཞིན་ཡོད་པ་དང་། ཐེངས་འདིར་ལམ་བར་ནས་རླངས་འཁོར་བཀག་འགོག་གིས་ཞིབ་བཤེར་བྱེད་མཁན་ཚོར་ཉེན་རྟོག་པའི་གྱོན་ཆས་གང་ཡང་མེད་པ་མ་ཟད། མཐའ་ན་ཉེན་རྟོག་རླངས་འཁོར་ལ་ཨང་གྲངས་སོགས་གང་ཡང་མེད་པར་མི་མང་ལ་གང་བྱུང་ཞིབ་བཤེར་བྱེད་བཞིན་ཡོད་པ་དང་། དོན་རྐྱེན་འདི་བྱུང་རྗེས་ས་གནས་དེར་ཉེན་རྟོག་པ་དེ་ལས་མང་པོ་འབྱོར་ཡོད་པ་དང། སྤྱིར་ན་ཉེ་སྔོན་ཡུལ་དེར་བོད་མི་གསུམ་སྐད་འཕྲིན་ཞིབ་བཤེར་གྱིས་འཛིན་བཟུང་བྱས་ཡོད་པ་དང་། ད་ལྟ་ད་དུང་མུ་མཐུད་དམ་དྲགས་ཤུགས་ཆེར་བྱེད་བཞིན་ཡོད་འདུག
ད་རེས་དོན་རྐྱེན་འོག་འདས་གྲོངས་སུ་ཕྱིན་པ་རིག་གྲགས་ལགས་འདི་ལོ་རང་ལོ་༥༠ཙམ་ཡིན་པ་དང་། ཁོང་གི་བཟའ་ཟླའི་མིང་ལ་བཟང་མོ་དང་ཤུལ་དུ་བུ་མོ་གཉིས་ལྷག་ཡོད་པ་རེད་འདུག ཁོང་ནི་ཕ་ཡུལ་མཚོ་སྔོན་ཞིང་ཆེན་ཡུལ་ཤུལ་ཁུལ་ཁྲི་འདུ་རྫོང་ཞེ་ཁོག་སྡེ་བ་ཡིན་པ་དང་། དེ་བཞིན་བོད་མི་ཤེས་རབ་རྒྱ་མཚོ་ལགས་ནི་འདི་ལོ་ལོ་ན་༢༦དང་། སྐྱེ་རྒུ་མདོའི་སྡོམ་མདའ་ཡུལ་ཚོའི་དར་དམར་སྡེ་བ་ནས་ཡིན་འདུག་ལ། ཁོང་གི་ཕ་མིང་ལ་སྐར་མ་དང་མའི་མིང་ལ་ཚེ་ལྷ། ཁོང་ལ་ནང་མི་༥ཡོད་འདུག

གསར་འགོད་པ། སངས་རྒྱས་དཀོན་མཆོག
རྩོམ་སྒྲིག་པ། བསྟན་འཛིན་འཕགས་སྒྲོན། ཨོ་རྒྱན་བསྟན་འཛིན།
དྲ་ཐོག་སྤེལ་མཁན། བསྟན་འཛིན་འཕགས་སྒྲོན།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་མཆོག་གིས་ཨ་རིར་གཞུང་འབྲེལ་ཕྱོགས་ཕེབས་དང་འབྲེལ་ཨ་རིའི་བོད་དོན་དམིགས་བསལ་འབྲེལ་མཐུད་པ་བསྐོ་གཞག་དགོས་པའི་འབོད་སྐུལ་ཞུས་འདུག
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
བྱེས་ཀྱི་གདན་ས་བཀྲིས་ལྷུན་པོ་གཙོས་པའི་བོད་མི་གནས་སྡོད་ས་གནས་ཁག་ཏུ་༸པཎ་ཆེན་དགེ་འདུན་ཆོས་ཀྱི་ཉི་མ་མཆོག་གི་འཁྲུངས་སྐར་སྲུང་བརྩི་ཞུས།
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎