བོད་ལྷོ་ཁ་གྲོང་ཁྱེར་དུ་བྱི་བའི་རིམས་ནད་རྐྱེན་གྱིས་མི་གཉིས་འདས་གྲོངས་སུ་ཕྱིན་ཡོད་འདུག
ཉེ་སྔོན་ཕྱི་ཟླ་༩པའི་ཟླ་མཇུག་ནང་རྒྱ་ནག་གཞུང་གིས་བཅད་བགོས་བྱས་པ། བོད་ལྷོ་ཁ་གྲོང་ཁྱེར་མཚོ་སྣ་རྫོང་ཆུ་མདོ་དར་དཀར་གྲོང་ཚོའི་ནང་། བྱི་བའི་རིམས་ནད་རྐྱེན་གྱིས་མི་གཉིས་འདས་གྲོངས་སུ་སོང་ཡོད་པ་དང་། ད་ལྟའི་ཆར་འདས་གྲོངས་སུ་ཕྱིན་པ་གཉིས་དེ་སུ་ཡིན་སོགས་ཀྱི་ཞིབ་ཕྲའི་གནས་ཚུལ་གླེང་སློང་བྱེད་མ་བཅུག་པས་གསལ་ཁ་མེད་ན་ཡང་། འདས་གྲོངས་སུ་ཕྱིན་པ་གཉིས་དེ་ཐོག་མར་ནད་རྟགས་ཐོན་མཁན་དང་དེ་ལ་ནད་གཡོག་བྱེད་མཁན་གཉིས་ཡིན་པ་དང་། ནད་པ་གཅིག་མཚོ་སྣ་རྫོང་སྨན་ཁང་དུ་བསྐྱལ་ཡོད་ཀྱང་ཏོག་དབྱིབས་རིམས་ནད་ལ་ནོར་ནས་ཡུང་རིང་སྨན་བཅོས་མ་ཐུབ་པས། སྨན་ཁང་དེ་རང་དུ་འདས་གྲོངས་སུ་ཕྱིན་ཡོད་པ། བོད་ནང་གི་འབྲེལ་ཡོད་ནས་འགྲེལ་བརྗོད་གནང་བྱུང་།
ཡང་རྒྱ་ནག་གཞུང་འབྲེལ་ལྷོ་ཁ་གྲོང་ཁྱེར་མི་དམངས་སྲིད་གཞུང་ཟེར་བས་བྱི་རིམས་སྐོར་གྱི་གནས་ཚུལ་ཞིག་སྤེལ་བ། བོད་ནང་གི་བོད་མི་ཚོས་སྤྱི་ཚོགས་བརྒྱུད་ལམ་དུ་ཁྱབ་སྤེལ་གཏོང་བཞིན་པའི་ནང་། བྱི་བའི་རིམས་ནད་ན་རྐྱེན་གྱིས་མི་གཅིག་འདས་གྲོངས་སུ་སོང་ཡོད་པ་དང་། ཁོང་ལ་ཐོག་མར་ནད་རྟགས་ཐོན་སྐབས་ཚ་བ་རྒྱས་ཏེ་གློ་ལུ་བ་དང་། དབུགས་དབྱིན་རྔུབ་དཀའ་བ་སོགས་བྱུང་སྟབས། ཕྱི་ཟླ་༩ཚེས་༢༥་ཉིན་འདས་གྲོངས་སུ་ཕྱིན་ཡོད་པ་དང་། ཕྱི་ཚེས་༢༧་ཉིན་བརྟག་དཔྱད་བྱས་འབྲས་སུ་ཁོང་གི་ན་ཚ་དེ་བྱི་བའི་རིམས་ནད་ཡིན་པ་བོད་རང་སྐྱོང་ལྗོངས་རིམས་ནད་བརྟག་དཔྱད་ཁང་ནས་བསྒྲགས་ཡོད་པ་བཀོད་འདུག་པ་དང་། འདི་ག་ཨེ་ཤི་ཡ་རང་དབང་རླུང་འཕྲིན་ཁང་ནས་མཚོ་སྣ་རྫོང་མི་དམངས་སྲིད་གཞུང་གི་ལས་བྱེད་མི་སྣར་འབྲེལ་བ་བྱས་ཏེ། གནས་ཚུལ་དེའི་སྐོར་འདྲི་སྐབས་བྱི་བའི་རིམས་ནད་ཁྱབ་ཆེ་ཆུང་ག་ཚོད་ཡིན་དང་མི་གྲངས་ག་ཚོད་ལ་ནད་རྟགས་ཐོན་ཡོད་སོགས་གསལ་བཤད་བྱས་མ་སོང་ན་ཡང་། མི་སྣ་གཅིག་འདས་གྲོངས་སུ་ཕྱིན་ཡོད་པ་བརྗོད་བྱུང་།
གོང་ཞུས་བོད་ནང་གི་གནས་ཚུལ་མཁོ་སྤྲོད་པ་དེས་མུ་མཐུད་བརྗོད་དོན་ལ། ད་ལྟའི་ཆར་མཚོ་སྣ་རྫོང་དུ་བསྐྱར་དུ་བཀག་བསྡོམས་བྱས་ཏེ་དར་དཀར་གྲོང་ཚོ་ནས་མི་གཅིག་ཀྱང་ཕྱི་ལ་འབུད་མི་ཆོག་པ་དང་། མི་མང་ལ་གནས་ཚུལ་དེའི་སྐོར་ལ་གླེང་སློང་སོགས་བྱས་ཚེ་དཀྲོག་གཏམ་སྤེལ་བར་ངོས་འཛིན་རྒྱུ་ཡིན་པ་སོགས་ཀྱི་འཇིགས་སྐུལ་བྱེད་བཞིན་ཡོད་པ་དང་། དམ་དྲག་བྱེད་སྟངས་སོགས་ཏོག་དབྱིབས་རིམས་ནད་ལས་ཛ་དྲག་ཆེ་བ་ཞིག་བྱུང་གི་ཡོད་པ་མ་ཟད། མཚོ་སྣ་རྫོང་ཡོངས་སུ་ཁྱིམ་སྡོད་བཀག་བསྡོམས་བྱས་ཡོད་པ་བརྗོད་བྱུང་ལ། ཡང་སྲིད་གཞུང་གི་ལས་བྱེད་མི་སྣ་དེས་ད་ལྟའི་ཆར་བྱི་བའི་རིམས་ནད་དྲག་སྐྱེད་བྱུང་ཡོད་པས། མཚོ་སྣ་རྫོང་དུ་ཡོང་བར་ཏོག་དབྱིབས་རིམས་ནད་ཀྱི་འགྲོ་རིམ་ཇི་བཞིན་ཡོང་བ་ཡིན་ན་དམ་དྲག་མེད་པ་བརྗོད་བྱུང་།
ཉེ་ལམ་སྤྱི་ཟླ་༨པའི་འགོ་སྟོད་ནས་བཟུང་། བོད་རང་སྐྱོང་ལྗོངས་ཟེར་བས་མཚོན་བོད་ཀྱི་ས་ཁུལ་ཁག་ཏུ་(Covid-19)་ཏོག་དབྱིབས་རིམས་ནད་རྣམ་པ་འགྱུར་བ་(Omicron)་ཟེར་བ་འགོས་ཁྱབ་ཤུགས་ཆེར་སོང་བ་དང་བསྟུན། རྒྱ་ནག་གཞུང་གིས་བོད་མི་ཚོར་རིམས་ནད་དང་འབྲེལ་བཀག་བསྡོམས་དམ་དྲགས་ཤུགས་ཆེར་བྱས་ཡོད་པ་རེད་ལ། རྒྱ་ནག་གཞུང་འབྲེལ་གསར་ལམ་གྱི་གྲངས་ཐོ་ལྟར་ན། ནད་ཡམས་འགོས་ཁྱབ་བྱུང་བ་ནས་བསྡོམས་རྩིས་བྱས་ན་འདི་ཚེས་༡༠ཉིན་གྱི་ཉིན་རྒྱབ་ཆུ་ཚོད་གཉིས་བ་བར་བོད་རང་སྐྱོང་ལྗོངས་ཟེར་བའི་ནང་ཁྱོན་ཡོངས་སུ་ཏོག་དབྱིབས་རིམས་ནད་འགོས་ཁྱབ་བྱུང་བ་མི་གྲངས་༡༨༥༠༡ཟིན་ཡོད་པ་བཀོད་འདུག
གསར་འགོད་པ། སངས་རྒྱས་དཀོན་མཆོག
རྩོམ་སྒྲིག་པ། བསྟན་འཛིན་འཕགས་སྒྲོན།
དྲ་ཐོག་སྤེལ་མཁན། བསྟན་འཛིན་འཕགས་སྒྲོན།