འཛམ་གླིང་གི་རྒྱལ་ཁབ་ཁག་ནང་རྒྱ་ནག་གཞུང་གིས་དཔལ་འབྱོར་གྱི་སྟོབས་ཤུགས་བརྒྱུད་ནས་རྒྱ་ནག་གཅིག་གི་སྲིད་བྱུས་ལག་བསྟར་བྱེད་མུས་ཡིན་པ།

2023.08.03
འཛམ་གླིང་གི་རྒྱལ་ཁབ་ཁག་ནང་རྒྱ་ནག་གཞུང་གིས་དཔལ་འབྱོར་གྱི་སྟོབས་ཤུགས་བརྒྱུད་ནས་རྒྱ་ནག་གཅིག་གི་སྲིད་བྱུས་ལག་བསྟར་བྱེད་མུས་ཡིན་པ།
Reuters File Photo

སྤྱི་ཟླ་༨པའི་ཚེས་༡ ནས་ཚེས་༢ བར་ཉིན་གྲངས་གཉིས་རིང་རྒྱ་གར་གྱི་རྒྱལ་ས་ལྡི་ལིར་རྟེན་གཞི་བྱས་པའི་འཚེ་བ་མེད་པའི་ཐབས་ལམ་གྱི་གདམ་གའི་ཐེབས་རྩ་ཁང་(Foundation For Non-Violent Alternatives) གིས་གོ་སྒྲིག་འོག་རྒྱལ་ས་ལྡི་ལིར་རྒྱལ་ཁབ་ཕྱི་ནང་གི་མཁས་པ་དང་ཉམས་ཞིབ་པ། གཙུག་ལག་སློབ་ཆེན་འདྲ་མིན་གྱི་སློབ་དཔོན། གཞུང་ཚབ་ཟུར་པ་སོགས་ལྷན་ཞུགས་ཀྱིས། ( Weaponization of the one China Policy )རྒྱ་ནག་གཅིག་གི་སྲིད་བྱུས་ཟེར་བའི་ཤུགས་རྐྱེན་དང་དེས་རྒྱལ་ཁབ་གཞན་ལ་གནོན་ཤུགས་སྤྲོད་ཕྱོགས་སོགས་དང་འབྲེལ་བའི་མཁས་པའི་བགྲོ་གླེང་ཞིག་བསྐོང་ཚོགས་གནང་ཞིང་། བགྲོ་གླིང་ཉིན་གཉིས་པར། ལྡི་ལིར་ཆགས་པའི་རྒྱ་ནག་ཉམས་ཞིབ་ལྟེ་གནས་ཁང་(Center for  China Analysis and strategy) གི་ཉམས་ཞིབ་པ་སྐུ་ཞབས་Abhishek Darbey ལགས་ཀྱིས། རྒྱ་ནག་གཞུང་གིས་ཨཱ་སྒོར་གྱི་ཐབས་བྱུས་བརྒྱུད་ནས་ཨ་ཕྷི་རི་ཀའི་ནང་རྒྱ་ནག་གཅིག་གི་སྲིད་བྱུས་ལག་བསྟར་བྱེད་ཕྱོགས་ཞེས་པའི་བརྗོད་གཞིའི་ཐོག་གཏམ་བཤད་གནང་བའི་སྐབས། རྒྱ་ནག་དང་ཨཱ་ཕྷི་རི་ཀའི་དབར་གྱི་ཕྱི་འབྲེལ་གླེང་པའི་སྐབས། རྒྱ་ནག་གཅིག་གི་སྲིད་བྱུས་ནི་ད་དུང་ཆུང་ཙག་ཅིག་ལ་ངོས་འཛིན་བྱེད་མུས་ཡིན། གཞི་རྩའི་ཨཱ་ཕྷི་རི་ཀའི་གླེང་ཆེན་ནང་། ཁྱོན་རྒྱལ་ཁབ ༥༤ ཡོད་པ་ལས། Eswatini ཞེས་པའི་རྒྱལ་ཁབ་དེས་ཐའེ་ཝན་དང་མུ་མཐུད་ཕྱི་འབྲེལ་བྱེད་ཀྱི་ཡོད། དེ་མིན་ཨ་ཕྷི་རི་ཀའི་རྒྱལ་ཁབ་༥༣ གྱིས་རྒྱ་ནག་མི་མང་སྤྱི་འཐུས་རྒྱལ་ཁབ་ཟེར་བ་དེ་ངོས་འཛིན་བྱེད་མུས་ཡིན། དེ་སྔོན་ཐའེ་ཝན་དང་འབྲེལ་བ་ཡོད་པའི་ཨཱ་ཕྷི་རི་ཀའི་རྒྱལ་ཁབ་ཁག་ནང་རྒྱ་ནག་གཞུང་གིས། ཨ་སྒོར་གྱི་ཐབས་བྱུས་དང་རོགས་སྐྱོར་སོགས་ཀྱི་མིང་ཐོག་ནས་ཤུགས་རྐྱེན་ཆེན་པོ་སྤྲད་ཡོད། དཔེར་ན། རྒྱ་ནག་གི་དཔལ་འབྱོར་ཤུགས་རྐྱེན་ལ་རྟེན་ནས། Liberia དང་Lesotho དེ་བཞིན་Chad རྒྱལ་ཁབ་སོགས་ཀྱིས།  ཐའེ་ཝན་དང་འབྲེལ་མཚམས་འཇོག་དགོས་པའི་གནས་ཚུལ་ཡང་ཐོན་ཡོད། མདོར་ན། རྒྱ་ནག་གིས།་དཔལ་འབྱོར་སྟོབས་ཤུགས་བརྒྱུད། ཨཱ་ཕྷི་རི་ཀའི་རྒྱལ་ཁབ་ཁག་ནང་། ཐའེ་ཝན་གྱི་གནད་དོན་དང་རྒྱ་ནག་གཅིག་གི་སྲིད་བྱུས། དེ་བཞིན་རྒྱ་ནག་དམར་ཤོག་གི་ལྟ་སྤྱོད་དང་མཐུན་པའི་དམིགས་ཡུལ་ཁག་སྒྲུབ་མུས་ཡིན་པ་གསུངས་སོང་།

ར་ཤི་ཡ་དང་རྒྱ་ནག་གཉིས་ནི་མཉམ་འབྲེལ་རྒྱལ་ཚོགས་ཀྱི་བདེན་འཇགས་ལྷན་ཚོགས་ཀྱི་ཚོགས་མི་ཡང་ཡིན་པའི་ཁར། དམག་གི་སྟོབས་ཤུགས་ལྡན་པའི་མཐུན་ཕྱོགས་རྒྱལ་ཁབ་གཉིས་ཡིན་ཞིང་། དམག་དོན་དང་དཔལ་འབྱོར་ཐོག་རྒྱལ་ཁབ་གཉིས་དབར་དམིགས་བསལ་འབྲེལ་བ་ཡོད་པ་མ་ཟད། ད་ལྟའི་ར་ཤི་ཡ་དང་ཡུག་ཀེ་རན་གཉིས་ཀྱི་དམག་འཁྲུག་ཁྲོད། རྒྱ་ནག་གི་ར་ཤི་ཡ་ལ་གསང་བའི་སྒོ་ནས་གོ་མཚོན་གྱི་རྒྱབ་སྐྱོར་བྱེད་མུས་ཡིན་པ་གནད་དོན་དབྱེ་ཞིབ་པ་ཚོས་ཐེར་འདོན་བྱས་ཡོད། འོན་ཀྱང་། ར་ཤི་ཡས་རྒྱ་ནག་གཅིག་གི་སྲིད་བྱུས་ཐོག་ལངས་ཕྱོགས་ཇི་ལྟར་འཛིན་ཡོད་པའི་སྐོར་ཨ་མི་རི་ཀར་རྟེན་གཞི་བྱས་པའི་Wesleyan University གཙུག་ལག་སློབ་ཆེན་གྱི་སློབ་དཔོན་སྐུ་ཞབས་Peter Rutland ལགས་ཀྱིས་གཏམ་བཤད་གནང་བའི་སྐབས། ར་ཤི་ཡ་ནི་རྟག་ཏུ་རྒྱ་ནག་གཅིག་གི་སྲིད་བྱུས་ལ་རྒྱབ་སྐྱོར་ཤུགས་ཆེར་བྱེད་མཁན་གྲས་ཤིག་ཡིན་པ་མ་ཟད། ཐའེ་ཝན་དང་རྒྱ་ནག་ཁ་བྲལ་གཏོང་མཁན་ཚོར་དགག་པ་རྒྱབ་མཁན་ཞིག་ཀྱང་ཡིན་པ་དང་། ལྷག་དོན་དུ་ཨ་རིས་ཐའེ་ཝན་ལ་གོ་མཚོན་གྱི་རྒྱབ་སྐྱོར་བྱེད་པར་ར་ཤི་ཡས་དགག་པ་རྒྱག་གི་ཡོད། ད་དུང་རྒྱ་གར་དང་ཞི་བདེ་རྒྱ་མཚོའི་མངལ་ཁུལ་དུ་ཨ་མི་རི་ཀའི་དམག་དོན་ལས་འགུལ་ལ་ཡང་དགག་པ་རྒྱབ་མུས་ཡིན་ཞེས་བརྗོད་འདུག

ཡང་དེ་དང་ཕྱོགས་མཚུངས་བལ་ཡུལ་ནི་རྒྱ་གར་དང་ས་འབྲེལ་ཆགས་པའི་མང་གཙོའི་རྒྱལ་ཁབ་ཅིག་ཡིན་ནའང་། རྒྱ་ནག་དང་ལྷན་དུ་མཐུན་ཕྱོགས་རྒྱལ་ཁབ་ལྟ་བུ་ཞིག་གི་ངོ་བོ་ཐོག་ནས་གནས་ཡོད་པ་མ་ཟད། རྒྱ་ནག་གི་གནོན་ཤུགས་རྐྱེན་གྱིས་བལ་ཡུལ་གཞུང་གིས། ཁུལ་དེར་གནས་སྡོད་བཙན་བྱོལ་བོད་མི་ཚོའི་ཆབ་སྲིད་ཀྱི་རང་དབང་ཐོག་དམ་དྲགས་བྱེད་མུས་ཡིན་ཞིང་། རྒྱ་ནག་གཅིག་གི་སྲིད་བྱུས་ལ་རྒྱབ་སྐྱོར་བྱེད་མཁན་གྱི་རྒྱལ་ཁབ་ཤིག་ཀྱང་ཡིན་པ་རེད།

དེ་སྔ་Denmarkནང་གི་བལ་ཡུལ་གྱི་གཞུང་ཚབ་ཟུར་པ་སྐུ་ཞབས་Vijay Kant Karnaལགས་ཀྱིས། བལ་ཡུལ་ནི། ༡༩༧༢ ཙམ་ནས་རྒྱ་ནག་གཅིག་ཟེར་བའི་རྩ་འཛིན་ལག་བསྟར་བྱས་པ་ནས་བཟུང་། རྒྱབ་སྐྱོར་བྱེད་མཁན་གྲས་ཤིག་ཡིན་། དེ་ཡང་བལ་ཡུལ་ནང་བཙན་བྱོལ་བོད་མི་ཚོས་རང་བཙན་དང་རྒྱ་ནག་གཞུང་ལ་ངོ་རྒོལ་གྱི་ལས་འགུལ་འགོག་ཆེད། རྒྱ་ནག་གཞུང་གིས་ཆེད་དུ་བལ་ཡུལ་དུ་རྒྱ་ནག་གི་ཆེས་མཐོའི་དཔོན་རིགས་ཆེད་གཏོང་གྱིས། ལས་འགུལ་དེ་དག་འཚམས་འཇོག་དགོས་པའི་སྐུལ་མ་བྱས་ཡོད་པ་མ་ཟད། བལ་ཡུལ་གཞུང་གིས་རྒྱ་ནག་གཅིག་གི་སྲིད་བྱུས་བརྩི་སྲུང་གིས་མ་འོངས་པར་བལ་ཡུལ་ནང་དུ་རྒྱ་ནག་དང་ཁ་བྲལ་གྱི་ལས་འགུལ་སྤེལ་འཚམས་འཇོག་དགོས་པའི་ཁེ་ལེན་དགོས་པའི་སྐུལ་མ་ཡང་བྱས་ཡོད་ཅེས་དང་། རྒྱ་ནག་གཞུང་གིས་བོད་བཙན་བཟུང་བྱས་པ་ནས་། བོད་དང་བལ་ཡུལ་གཉིས་དབར་གྱི་ཚོང་དོན་ཐོག་དམིགས་བསལ་འབྲེལ་བ་ཡོད་པ་དེ་ཡང་མེད་པ་ཆག་ཡོད་པ་མ་ཟད། ཕྱོགས་གཉིས་དབར་གྱི་ཞི་བདེ་རང་བཞིན་གྱི་ས་མཚམས་དང་རང་དབང་གི་སྒོ་ནས་འགྲོ་སྐྱོད་སོགས་ཀྱི་གནས་སྟངས་ལ་འགྱུར་ལྡོག་ཆེན་པོ་ཕྱིན་ཡོད་པ་མ་ཟད། ༢༠༢༢ ལོའི་གོ་སྟོད་དུ་རྒྱ་ནག་གཞུང་གིས། ས་མཚམས་དང་འབྲེལ་བའི་ཁྲིམས་ཡིག་གསར་པ་ཞིག་གཏན་འབེབས་གནང་བའི་ནས་བཟུང་། ས་མཚམས་ཐད་སྔར་ལྷག་དམ་དྲགས་ཇེ་ཆེར་ཕྱིན་ཡོད་ཅེས་གསུངས་གནང་སོང་།  

མདོར་ན་རྒྱ་ནག་གཞུང་གིས། རྒྱ་ནག་གཅིག་གི་སྲིད་བྱུས་དང་རྩ་འཛིན་ཞེས་པའི་ཐབས་བྱུས་དེ་ཐོག་མར་ཝའེ་ཝན་གྱི་གནད་དོན་དང་འབྲེལ་ལག་བསྟར་བྱས་ཏེ། རིམ་པས་བོད་དང་། ས་མཚམས། ཧོང་ཀོང་། ལྷོ་རྒྱ་ནག་རྒྱ་མཚོ་སོགས་ཀྱི་གནད་དོན་ཐོག་ལག་བསྟར་བྱས་ཡོད་པ་མ་ཟད། གོང་ཞུས་གནད་དོན་དེ་དག་སྐོར་ཐེ་བྱུས་བྱེད་མཁན་གྱི་ཕྱིའི་རྒྱལ་ཁབ་ཚོར། རྒྱ་ནག་གཞུང་གིས་རྒྱ་ནག་གཅིག་གི་སྲིད་བྱུས་ལ་རྡོག་རོལ་གཏོང་མི་ཉན་ཞེས་དྲན་སྐུལ་ཚུལ་དུ་ཡ་ལན་ཡང་ལོག་སྲོལ་ཡོད་པ་རེད།  དཔེར་ན། དེ་སྔོན་༢༠༢༠ ལོར་ཐའེ་ཝན་གྱི་རྒྱལ་སྟོན་དུས་ཆེན་བསླེབ་ལ་ཉེ་བའི་སྐབས་དང་བསྟུན། རྒྱ་ནག་གཞུང་གིས་རྒྱ་གར་གྱི་གསར་འགོད་པ་ཚོར་ལམ་སྟོན་ཡི་གེ་ཟེར་བ་ཞིག་བཏང་སྟེ། རྒྱ་ནག་གཅིག་གི་སྲིད་བྱུས་ལ་ངོས་འཛིན་ཡག་པོ་བྱས་ཏེ་ཐའེ་ཝན་སྐོར་གྱི་གནས་ཚུལ་འདོན་སྤེལ་མི་ཆོག་ཅེས་ཉེན་བརྡ་རང་བཞིན་གྱི་ཡིག་གེ་བཏང་ཡོད་པ་རེད།

 

གསར་འགོད་པ། བློ་བཟང་དགེ་ལེགས།
རྩོམ་སྒྲིག་པ། བསྟན་འཛིན་འཕགས་སྒྲོན།
དྲྭ་ཐོག་སྤེལ་མཁན། བསྟན་འཛིན་འཕགས་སྒྲོན།

 

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་མཆོག་གིས་ཨ་རིར་གཞུང་འབྲེལ་ཕྱོགས་ཕེབས་དང་འབྲེལ་ཨ་རིའི་བོད་དོན་དམིགས་བསལ་འབྲེལ་མཐུད་པ་བསྐོ་གཞག་དགོས་པའི་འབོད་སྐུལ་ཞུས་འདུག
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
བཙན་བྱོལ་ནང་གི་མི་རབས་གཞོན་པ་རྣམས་ལ་བོད་ནང་གི་ཛ་དྲག་གནས་སྟངས་ངོ་སྤྲོད་བྱ་ཆེད། སྙིང་སྟོབས་ཀྱི་འབོད་སྒྲ ཅེས་པའི་གཏམ་བརྗོད་གཟིགས་འབུལ་ཞུ་བཞིན་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎