རྒྱ་ནག་ནང་དུས་བཀག་གསར་འགོད་རང་དབང་གི་སྒྲིགས་གཞི།

འདི་ལོ་ཨོ་ལིམ་པིག་སྐབས་རྒྱ་ནག་ནང་གསར་འགོད་རང་དབང་གུ་ཡངས་སྤྲོད་རྒྱུའི་དུས་བཀག་གི་སྒྲིགས་གཞི་གཏན་འབེབས་བྱས་ཡོད་པ་རེད་

༄༅༎འདི་ལོ་རྒྱལ་སྤྱིའི་ཨོ་ལིམ་པིག་རྩེད་འགྲན་སྐབས་རྒྱ་ནག་ནང་གསར་འགྱུར་རྒྱུད་ལམ་ཁག་གིས་ལས་དོན་གྲུབ་ཕྱོགས་ཐད་ལ་གསར་འགོད་རང་དབང་གུ་ཡངས་སྤྲོད་རྒྱུའི་དུས་བཀག་གི་སྒྲིགས་གཞི་གཏན་འབེབས་བྱས་ཡོད་པ་རེད་ ད་ཆ་དུས་ཚོད་གཙང་གི་ཡོད་པ་དང་རྒྱ་ནག་གཞུང་ཕྱོགས་ནས་གུ་ཡངས་གསར་འགོད་རང་དབང་གི་སྒྲིགས་གཞི་དེ་དུས་འགྱངས་བྱེད་དང་མི་བྱེད་སྐོར་གསལ་བཤད་གང་ཡང་བྱེད་ཀྱི་མེད་པའི་གནས་ཚུལ་ཐོན་འདུག

རྒྱལ་སྤྱིའི་ཨོ་ལིམ་པིག་རྩེད་འགྲན་མགྲོན་བདག་གི་དགོས་མཁོའི་ཆ་རྐྱེན་གཞིར་བཟུང་སྔ་ལོ་ཕྱི་ཟླ་དང་པོའི་ཚེས་གཅིག་ནས་བཟུང་ཨོ་ལིམ་པིག་རྩེད་འགྲན་གོ་སྒྲིགས་ཀྱི་དུས་ཡུན་རིང་རྒྱ་ནག་གཞུང་གིས་ཕྱི་རྒྱལ་གསར་འགོད་པ་དང་གསར་འགྱུར་རྒྱུད་ལམ་ཁག་ནས་རྒྱ་ནག་ནང་གནས་ཚུལ་ཁོ་གྲུབ་དང་འདྲི་རྩད།དཔར་བསྐྲུན་དང་རྒྱང་བསྒྲགས་བཅས་གསར་འགོད་པའི་ལས་དོན་གྲུབ་ཕྱོགས་ལ་རྒྱ་ནག་གཞུང་གི་ཐེ་གཏོགས་དང་འགོག་རྐྱེན་སོགས་གང་ཡང་མེད་པར་གུ་བཤངས་ཆེན་པོ་བྱ་རྒྱུ་ཡིན་སྐོར་དུས་བཀག་གི་སྒྲིགས་གཞི་གཏན་འབེབས་བྱས་ཡོད་པ་རེད་ དུས་བཀག་གསར་འགོད་རང་དབང་གི་སྒྲིགས་གཞི་དེ་བཞིན་དེ་རིང་ཚེས་བཅུ་བདུན་ཉིན་དུས་ཚོད་གཙང་གི་ཡོད་པ་རེད་ རྒྱ་ནག་གཞུང་གིས་ཨོ་ལིམ་པིག་རྩེད་འགྲན་གོ་སྒྲིགས་དང་འབྲེལ་བའི་གསར་འགོད་རང་དབང་གི་སྒྲིགས་གཞི་དུས་ཚོད་གཙང་ནའང་རྒྱ་ནག་ནང་གསར་འགོད་རང་དབང་གང་ཙམ་མུ་མཐུད་གནས་རྒྱུ་ཡིན་སྐོར་སྔོན་བརྡ་སྤྲོད་པ་ལས་དོན་དངོས་གསར་འགོད་རང་དབང་གི་གནས་བབ་ཇི་ཆགས་སྐོར་ད་ཕན་ཁ་གསལ་གྱི་སྲིད་ཇུས་གང་ཡང་གསལ་བསྒྲགས་བྱས་མེད་པ་རེད་ ཁ་ས་ཚེས་བཅུ་དྲུག་ཉིན་རྒྱ་ནག་ཕྱི་འབྲེལ་ལས་ཁུངས་ཀྱི་མགྲིན་ཚབ་པ་ཆིན་ཀང་གིས་རྒྱ་ནག་ནང་དུས་བཀག་གསར་འགོད་རང་དབང་གི་སྒྲིགས་གཞིའི་དུས་ཚོད་གཙང་ནའང་རྒྱ་ནག་གཞུང་གིས་ཕྱི་ཕྱོགས་ལ་གསར་འགོད་རང་དབང་གི་སྒོ་མོ་ཕྱེ་པའི་སྲིད་ཇུས་མུ་མཐུད་མཇུག་སྐྱོང་བྱ་རྒྱུ་ཡིན་ལུགས་དེ་སྔོན་གྱི་གཏམ་བཤད་བསྐྱར་དུ་ནན་བརྗོད་བྱས་འདུག རྒྱ་ནག་ནང་ཡོད་པའི་ཕྱི་རྒྱལ་གསར་འགོད་མཐུན་ཚོགས་ཀྱིས་བརྗོད་དོན་གཞིགས་ན་རེས་གཟའ་པ་སངས་ཉིན་གསར་འགོད་རང་དབང་གུ་ཡངས་ཀྱི་སྒྲིགས་གཞིའི་དུས་ཚོད་གཙང་པའི་རྗེས་སྒྲིགས་གཞི་དེའི་ནང་དོན་ག་རེ་མུ་མཐུད་བདག་ཉར་གྱི་དུས་འགྱངས་བྱེད་མིན་ལ་སོགས་པའི་ཞིབ་ཕྲའི་གནས་ཚུལ་གང་ཡང་ཤེས་རྟོགས་མེད་པའི་གསལ་འདོན་གནང་འདུག་ལ་རྒྱ་ནག་ཕྱི་འབྲེལ་ལས་ཁུངས་ཀྱི་མགྲིན་ཚབ་ནས་ཀྱང་ཕྱི་རྒྱལ་གསར་འགོད་པ་ཚོས་རྒྱ་ནག་ནང་གསར་འགོད་པའི་ལས་དོན་གྲུབ་ཕྱོགས་ལ་འགྱུར་ལྡོག་གི་རྣམ་པ་ཇི་ཆགས་སྐོར་གསལ་བཤད་གང་ཡང་བྱས་མིན་འདུག་།