རྒྱ་ནག་ནང་གི་རྡོ་སྣུམ་གྱི་བཟོ་གྲ་ཆེ་ཤོས་ཤིག་ལ་མེ་སྐྱོན་བྱུང་བ།
2011.07.17
༄༅༎རྒྱ་ནག་ནང་གི་རྡོ་སྣུམ་གྱི་བཟོ་གྲ་ཆེ་ཤོས་ཤིག་ལ་མེ་སྐྱོན་གྱི་གནོད་འཚེ་བྱུང་བ་དང་དེ་ནི་འདས་ཟིན་པའི་གཟའ་འཁོར་དྲུག་གི་ནང་ལ་རྒྱ་ནག་གཞུང་གི་གཉེར་བའི་བཟོ་གྲར་རང་འབྱུང་གི་གནོད་འཚེ་ཐེངས་བཞི་བྱུང་ཡོད་པ་རེད།
རྒྱ་ནག་གི་བྱང་ཤར་མཚོ་ཁའི་གྲོང་ཁྱེར་རྡ་ལིཡེན་ནང་གི་རྡོ་སྣུམ་གྱི་བཟོ་གྲར་མེ་སྐྱོན་བྱུང་སྟེ་རྡོ་སྣུམ་མང་པོ་ཕྱིར་ཞིག་འཛག་པ་བཞིན་པ་མ་ཟད། དེ་ཡིས་ས་ཁྱོན་ཆེན་པོ་བག་འཛོག་ཏུ་གྱུར་ཡོད་པའི་ཁར་རྡོ་སྣུམ་འཛག་པའི་སྣུམ་ཞག་གི་ཁེངས་པ་དང༌། ད་དུང་མེ་སྐྱོན་དེ་ཡིས་བཟོ་གྲའི་མཐོང་ཚུལ་ཡང་ངན་པ་ཆགས་བཞིན་ཡོད་པ་རེད། ད་རེས་རྡོ་སྣུམ་བཟོ་གྲར་མེ་སྐྱོན་བྱུང་བའི་དོན་རྐྱེན་དེ་ནི། རེས་གཟའ་སྤེན་པའི་ཉིན་རྡོ་སྣུམ་བཙོ་སྦྱང་བྱེད་ཡུལ་ཡོ་ཆས་ལ་མེ་སྐྱོན་བྱུང་སྟེ་རྡོ་སྣུམ་ཕྱིར་འཛག་ཡོང་བ་ཡིན་ཞིང༌། འོན་ཀྱང་བཟོ་གྲས་དེ་རིང་གསལ་བསྒྲགས་ཤིག་སྤེལ་ཏེ། མེ་བསད་ཟིན་པ་དང༌། མེ་སྐྱོན་ནང་དུ་མི་ཤི་རྨས་ཀྱི་གནས་ཚུལ་གང་ཡང་བྱུང་མེད་ལུགས་དང༌། བརྟག་དཔྱད་བྱས་པ་བརྒྱུད་བཟོ་གྲ་ཆགས་ཡུལ་གྱི་ཉེ་འཁོར་མཚོའི་ནང་བག་བཙོག་གང་ཡང་ཆགས་མེད་པའི་སྐོར་བཤད་ཡོད་པ་རེད།
དེ་སྔ་ལོ་གཉིས་ཀྱི་གོང་ལ་དུས་ཚོད་དེ་གའི་ཐོག་རྒྱ་ནག་གི་བྱང་ཤར་མཚོ་ཁའི་གྲོང་ཁྱེར་རྡ་ལིཡེན་ནང་དུ་ཡོད་པའི་རྡོ་སྣུམ་བཟོ་གྲ་ཞིག་གི་སྣུམ་འགྲོ་གཉིས་ལ་མེ་སྐྱོན་གྱི་དོན་རྐྱེན་གཅིག་མཚུངས་ཏེ། རྡོ་སྣུམ་མང་པོ་ཆུའི་ནང་དུ་ལྷུངས་པའི་གནས་ཚུལ་བྱུང་ཡོད་ཅིང༌། སྐབས་དེར་རྒྱ་ནག་གཞུང་ཕྱོགས་ནས་བཟོ་གྲ་དེ་ནས་རྨ་ཆུའི་ནང་རྡོ་སྣུམ་ཀྲོན་ཆིག་སྟོང་ལྔ་བརྒྱ་ཙམ་འཛག་ཡོད་པའི་བསྡོམས་རྩིས་བྱས་ཡོད་ཀྱང་རྒྱལ་སྤྱིའི་འཁོར་ཡུག་སྲུང་སྐྱོབ་ཚོགས་པ་ཞིག་གིས། རྒྱ་ནག་གི་བཤད་པའི་བསྡོམས་རྩིས་དེ་ལས་ལྡབས་དྲུག་གིས་མང་བ་ཆུའི་ནང་ལྷུངས་སྟེ་ཆུ་བག་འཛོག་ཆགས་ཡོད་པ་གསུང་ཡོད་པ་རེད། རེས་གཟའ་སྤེན་པའི་ཉིན་རྡོ་སྣུམ་བཟོ་གྲར་མེ་སྐྱོན་བྱུང་ཡུལ་དེ་ནི་ན་ནིང་ལོར་དོན་རྐྱེན་བྱུང་ཡུལ་གྱི་ཉེ་ཁྲིས་ཡིན་དང༌། གནས་ཚུལ་དབྱེ་ཞིབ་པ་ཁག་ཅིག་གིས། རྡོ་སྣུམ་བཟོ་གྲར་ཡང་སེ་མེ་སྐྱོན་སོགས་ཀྱི་དོན་རྐྱེན་ཡོང་གི་ཡོད་པ་དེ་ཡིས་མེ་སྐྱོན་ཇི་ལྟར་ཡོང་གི་ཡོད་པའི་འགན་སྲུང་གི་གནས་སྟངས་དང༌། ཐོན་སྐྱེས་ཀྱི་ལས་དོན་ཐོག་ལ་ངེས་པར་དུ་ཞིབ་འཇུག་ནན་ཏན་བྱ་དགོས་གལ་ཡིན་པའི་བསམ་ཚུལ་ཤོད་ཀྱི་ཡོད་པ་རེད།