༄༅༎འབར་མའི་གཞུང་གིས་སླར་ཡང་བཙོན་པ་མང་པོ་ཞིག་གློད་བཀྲོལ་གཏང་རྒྱུའི་འཆར་གཞི་ཡོད་པའི་སྐོར་དེ་རིང་རེས་གཟའ་ཉི་མའི་ཉིན་ཕེ་རན་སི་གསར་འགྱུར་ལས་ཁང་གི་གནས་ཚུལ་སྤེལ་འདུག
གསར་ཤོག་དེའི་ཐོག་གནས་ཚུལ་བཀོད་པའི་ནང༌། རེས་གཟའ་ཉི་མའི་ཉིན་འབར་མའི་གཞུང་གི་དཔོན་རིགས་ནས། འབར་མའི་གཞུང་ཕྱོགས་ནས་རེས་གཟའ་ཟླ་བའི་ཉིན་བཙོན་པ་མང་པོ་ཞིག་གློད་བཀྲོལ་གཏོང་རྒྱུ་ཡིན་པ་དང༌། བཙོན་པ་དེ་དག་གི་ཁོངས་སུ་ཆབ་སྲིད་བཙོན་པ་ཡང་གློད་བགྲོལ་གཏོང་རྒྱུ་ཡིན་པའི་སྐོར་གསུང་ཡོད་པ་ལུང་འདྲེན་བྱས་ཡོད་འདུག དེ་ཡང་འབར་མའི་དཔོན་རིགས་མཚན་གསུང་འདོད་མེད་པ་ཞིག་གིས་ཕན་སི་གསར་འགྱུར་ལས་ཁང་ལ་བརྗོད་དོན། བཙོན་པ་ཁག་ཅིག་རེས་གཟའ་ཟླ་བའི་ཉིན་གློད་བགྲོལ་གཏོང་གི་ཡོད་པ་རེད་ཅེས་གསུང་པ་ལས། དེའི་ནང་དོན་ཞིབ་ཕྲ་འགྲེལ་བརྗོད་བྱས་མེད་ཅིང༌། ཟླ་བ་གཅིག་གི་སྔོན་དེར་འབར་མའི་གཞུང་གིས་བཙོན་པ་མང་པོ་ཞིག་གློད་བཀྲོལ་བཏང་ཡོད་ཀྱང་གཞུང་དང་ཆབ་སྲིད་ཀྱི་ལྟ་བ་མི་མཐུན་མཁན་དམངས་གཙོ་དོན་གཉེར་ཅན་གྱི་ཆབ་སྲིད་བཙོན་པ་གནད་འགག་ཆེ་བ་རྣམས་གློད་བཀྲོལ་མ་བཏང་དེར་རྒྱལ་སྤྱིའི་འགྲོ་བ་མིའི་ཐོབ་ཐང་རྟོགས་ཞིབ་པ་བློ་ཕམ་གྱི་གནས་སུ་གྱུར་བའི་སྐབས་དང༌། ཡང་འབར་མའི་རྒྱལ་ཁབ་གཙོས་པའི་ལྷོ་ཤར་ཨེ་ཤེ་ཡའི་རྒྱལ་ཁབ་བཅུ་ཡི་མཉམ་སྦྲེལ་མཐུན་ཚོགས་ཀྱི་ཚོགས་འདུ་དེ་ཨིན་ཌོ་ནེ་ཤེ་ཡའི་སྦ་ལི་གླིང་ཕྲན་དུ་འཚོགས་རྒྱུར་ཉིན་གྲངས་འགའ་ཤས་ལས་མེད་པའི་སྐབས་དེར་འབར་མའི་གཞུང་གིས་སླར་ཡང་བཙོན་པ་ཁག་ཅིག་གློད་བཀྲོལ་གཏོང་རྒྱུའི་གནས་ཚུལ་དེ་ཐོན་ཡོད་པ་རེད། ད་ལྟའི་འབར་མའི་གཞུང་འཛིན་དེའི་ཐོག་ནས་ཉེ་བའི་ཟླ་བ་འགའ་ཤས་ནང་དུ་བཙོན་པ་གློད་བཀྲོལ་བཏང་བ་སོགས་བཅོས་བསྒྱུར་གཏོང་རྒྱུའི་རྣམ་འགྱུར་བཏོན་བཞིན་ཡོད་པ་མ་ཟད། རྒྱལ་སྤྱིའི་སྤྱི་ཚོགས་ཀྱིས་འབར་མའི་ཐོག་འཛིན་པའི་ལྟ་སྟངས་ལ་འགྱུར་བ་འགྲོ་རྒྱུའི་རེ་བ་དང༌། ལྷག་པར་དུ་ལྷོ་ཤར་ཨེ་ཤེ་ཡའི་རྒྱལ་ཁབ་བཅུ་ཡི་མཉམ་སྦྲེལ་ལྷན་ཚོགས་དེའི་གོ་སྐབས་བཟུང་སྟེ་མ་འོངས་པ་༢༠༡༤ ལོའི་ལྷོ་ཤར་ཨེ་ཤེ་ཡའི་མཉམ་སྦྲེལ་མཐུན་ཚོགས་དེའི་ཚོགས་གཙོ་འབར་མར་རྒྱལ་ཁ་ཐོབ་རྒྱུའི་རེ་བ་བྱེད་ཀྱི་ཡོད་པ་རེད།།