རྒྱ་ནག་གཞུང་གིས་དྲ་རྒྱའི་བདེ་འཇགས་བཅའ་ཁྲིམས་དང་འགལ་བའི་ཉེས་མིང་འོག་མདོ་སྨད་རྨ་ལྷོ་སོག་རྫོང་གི་དགེ་འདུན་པ་འོད་ཆུང་རྒྱ་མཚོ་འཛིན་བཟུང་བྱས་འདུག
དེ་ཡང་རྒྱ་ནག་གཞུང་གིས་དྲ་རྒྱའི་བདེ་འཇགས་བཅའ་ཁྲིམས་དང་འགལ་བའི་ཉེས་མིང་བཀལ་ཏེ། མདོ་སྨད་རྨ་ལྷོ་སོག་རྫོང་གི་གཙང་དགོན་པའི་དགེ་འདུན་པ་འོད་ཆུང་རྒྱ་མཚོ་འཛིན་བཟུང་བྱས་འདུག རྒྱ་ནག་གཞུང་གིས་དྲ་རྒྱའི་བདེ་འཇགས་ཀྱི་བཅའ་ཁྲིམས་ཟེར་བ་དེའི་ཐོག་ནས་དམ་དྲགས་ཀྱི་ལས་འགུལ་ཤུགས་ཆེ་སྤེལ་བཞིན་པར་མ་ཟད། དམིགས་བོད་དང་ཤར་ཏུར་ཀིསྀ་ཐན་གྱི་ས་ཁུལ་ནང་དམ་དྲགས་ཤུགས་ཆེ་བྱེད་བཞིན་པའི་གནས་སྟངས་དེའི་འོག ཕྱི་ཟླ་ ༤ ཚེས་ ༡༦ ཉིན་མཚོ་སྔོན་ཞིང་ཆེན་འབའ་རྫོང་གི་ཉེན་རྟོག་པས་རྨ་ལྷོ་སོག་རྫོང་གི་གཙང་དགོན་པའི་དགེ་འདུན་པ་འོད་ཆུང་རྒྱ་མཚོ་དང་ཁོང་གི་རོགས་པ་དགེ་འདུན་པ་གཞན་ཞིག་གློ་བུར་འཛིན་བཟུང་བཙན་ཁྲིད་ཀྱིས་དགེ་འདུན་པ་གཞན་དེ་འཕྲལ་མར་གློད་གྲོལ་བྱས་ཡོད་ནའང་། དགེ་འདུན་པ་འོད་ཆུང་རྒྱ་མཚོས་སྒེར་གྱི་སྐད་འཕྲིན་རྒྱབ་ངོས་སུ་དྲ་རྒྱའི་བདེ་འཇགས་བཅའ་ཁྲིམས་དང་འགལ་བའི་པར་རིས་དང་རྩོམ་ཡིག་སྤེལ་བའི་ཉེས་མིང་འོག་ད་དུང་མུ་མཐུད་ཉེན་རྟོག་པས་བཀག་ཉར་བྱས་འདུག་པ་དང་། ཁོང་གི་གནས་་སྟངས་ཅི་ཆགས་གསལ་ཁ་མེད་པར་གནས་ཡོད་པ་རྒྱ་གར་རྡ་རམ་ས་ལར་རྟེན་གཞི་བྱས་པ་བོད་ཀྱི་འགྲོ་མིའི་ཐོབ་ཐང་དང་མང་གཙོ་འཕེལ་རྒྱས་ལྟེ་གནས་ཁང་གིས་གནས་ཚུལ་སྤེལ་འདུག
རྒྱ་ནག་གཞུང་གིས་དྲ་རྒྱའི་བདེ་འཇགས་ཀྱི་ཁྲིམས་ལུགས་ཟེར་བ་དེའི་འོག། རྒྱ་ནག་གི་བསམ་ཕྱོགས་དང་མི་མཐུན་པའི་གནས་ཚུལ་སྤེལ་མཁན་རིགས་ལ་ཆོས་ལུགས་ལོག་སྤྱོད་པ་དང་།འཇིགས་སྐུལ་ཐལ་སྤྱོད་རིང་ལུགས་པར་ངན་འབྲེལ་བྱེད་པ། མི་རིགས་མཐུན་སྒྲིལ་ལ་གཏོར་བརླག་དང་ཁ་བྲལ་རིང་ལུགས་པར་ངན་སྐུལ་བྱས་ཚུལ་སོགས་ཀྱི་ཉེས་འཛུགས་སྣ་ཚོགས་བྱེད་བཞིན་ཡོད་པ་རེད།
མདོ་སྨད་མཚོ་སྔོན་གཙང་དགོན་པའི་དགེ་འདུན་པ་འོད་ཆུང་རྒྱ་མཚོ་ལགས་ནི།དེང་སང་རྒྱ་ནག་གཞུང་གི་ཆ་བགོས་ལྟར་ན་མཚོ་སྔོན་ཞིང་ཆེན་རྨ་ལྷོ་བོད་རིགས་རང་སྐྱོང་ས་ཁུལ།རྨ་ལྷོ་སོག་རྫོང་གི་ཨ་རིག་ཉི་མཐའ་ཡུལ་ཚོ་ནས་ཡིན་འདུག
གསར་འགོད་པ་བློ་བྷེ་དང་། སྐལ་ལྡན་བློ་གྲོས།
0:00 / 0:00