ཨ་རིའི་སྲིད་འཛིན་རྒྱ་གར་དུ་ཕེབས་འཆར་ཡོད་པ།
2010.10.26
༄༅༎ཨ་མི་རི་ཀའི་སྲིད་འཛིན་ཨོ་སྦ་མ་མཆོག་རྒྱ་གར་དུ་འཚམས་འདྲིར་ཕེབས་པའི་སྐབས་རྒྱ་གར་དུ་ཡོད་པའི་ཨ་མི་རི་ཀའི་གལ་ཆེའི་ཚོང་ལས་ཀྱི་དབུ་ཁྲིད་རྣམས་དང་མཇལ་འཕྲད་གནང་གི་ཡོད་པའི་སྐོར་རེས་གཟའ་ཟླ་བའི་ཉིན་སྲིད་འཛིན་གྱི་ལས་ཁུངས་ནས་གསུངས་ཡོད་པ་རེད།
སྲིད་འཛིན་ཨོ་སྦ་མ་མཆོག་རིང་མིན་ཕྱི་ཟླ་༡༡པའི་ཚེས་༥ཉིན་རྒྱ་གར་དུ་འཚམས་འདྲིར་ཕེབས་ཐོན་གནང་གི་ཡོད་པ་དང༌། ཁོང་གི་ཐེངས་འདིར་རྒྱ་གར་གཙོས་པའི་ལྷོ་ཤར་ཨེ་ཤི་ཡའི་རྒྱལ་ཁབ་ཨིན་ཌོ་ནེ་ཤི་ཡ་ནང་འཚམས་འདྲིར་ཕེབས་རྒྱུ་མ་ཟད། དེ་རྗེས་ལྷོ་ཀོ་རི་ཡར་ཚོགས་རྒྱུའི་རྒྱལ་ཁབ་ཁག་༢༠དབུ་ཁྲིད་ཀྱི་ལྷན་ཚོགས་ཐོག་ཚོགས་བཅར་གནང་རྒྱུ་དང༌། དེ་རྗེས་ཉི་ཧོང་བཅས་ནང་ཉིན་གྲངས་དགུའི་རིང་འཚམས་འདྲི་གནང་གི་ཡོད་པ་རེད། ཕྱི་ཟླ་༡༡པའི་ཚེས་༦ཉིན་རྒྱ་གར་གྱི་ཚོང་ལས་གྲོང་ཁྱེར་མུམ་སྦའེ་དུ་ཚོགས་རྒྱུའི་ཨ་རི་དང་རྒྱ་གར་གྱི་ཚོང་ལས་ཁང་གི་དུས་སྟོན་ཐོག་སྲིད་འཛིན་ཨོ་སྦ་མ་མཆོག་དང་ཨ་མི་རི་ཀའི་ཚོང་ལས་དྲུང་ཆེ་སྐུ་ཞབས་གེ་རི་ལོཀ་རྣམ་གཉིས་ཀྱིས་གསུང་བཤད་གནང་རྒྱུ་ཡིན་ཞིང༌། ཐེངས་འདིའི་སྲིད་འཛིན་ཨོ་སྦ་མ་ཡི་རྒྱ་གར་གྱི་འཚམས་འདྲི་ཐེངས་དང་པོ་དེའི་ཐོག་ནས་ཨ་རི་དང་རྒྱ་གར་གཉིས་བར་ཚོང་ལས་དང་ཚོང་འབྲེལ་གྱི་འབྲེལ་ལམ་ཡར་རྒྱས་གཏང་རྒྱུའི་ལས་དོན་གྱི་སྒོ་མོ་ཕྱེ་རྒྱུ་ཡིན་པ་དང༌། ཕྱོགས་གཞན་ཞིག་ནས་ཁོང་གི་འཚམས་འདྲི་དེ་ནི། ལོ་ལྔའི་ནང་ཚུད་ལ་ཨ་མི་རི་ཀའི་རྒྱལ་ནང་གི་ཐོན་སྐྱེས་གོང་འཕེལ་དང་ཨ་རི་ནང་ལས་ཀའི་གོ་སྐབས་མང་བ་སྐྲུན་རྒྱུའི་ཁས་ལེན་བྱེད་པ་བཞིན་ཨ་མི་རི་ཀའི་དངོས་ཟོག་ཕྱིར་ཚོང་གི་བྱ་གཞག་གོང་འཕེལ་གཏོང་རྒྱུ་ནི་གལ་ཆེའི་གནད་དོན་ཞིག་ཀྱང་ཡིན་པ་རེད། རྒྱ་གར་དང་ཨ་རིའི་ཚོང་ལས་ཁང་གིས། གྲོང་ཁྱེར་མུམ་སྦའེ་དུ་ཚོགས་རྒྱུའི་ཚོང་ལས་དུས་སྟོན་དེའི་ནང་ཨ་མི་རི་ཀའི་བཟོ་ཚོང་ལས་ཁང་ཁག་༢༠༠ལྷག་གི་སྐུ་ཚབ་འཐུས་མི་ཚོགས་བཅར་ཞུ་གི་ཡོད་པ་དང། དེ་ནི་ཨ་མི་རི་ཀའི་གལ་ཆེའི་ཚོང་ལས་གཞི་ཡུལ་ཁག་གི་སྐུ་ཚབ་མཚོན་ཐུབ་པ་དེ་ཡིས་རྒྱ་གར་གྱི་ཚོང་ལས་འབྲེལ་ལམ་ཐོག་ལ་བཟང་ཕྱོགས་ཀྱི་ཤུགས་རྐྱེན་ཐེབས་རྒྱུ་ཡིན་པ་ངོས་འཛིན་གནང་གི་ཡོད་པ་རེད།།