ཨ་རིས་ལྷོ་ཤར་ཨེ་ཤེ་ཡའི་རྒྱལ་ཁབ་དང་འབྲེལ་ལམ་ཡར་རྒྱས།
2010.09.04
༄༅༎ཟླ་བ་འདིའི་ནང་ཨ་རིའི་གྲོང་ཁྱེར་ནིའུ་དབྱོག་དུ་ཚོགས་འཆར་ཡོད་པའི་འཛམ་གླིང་མཉམ་འབྲེལ་རྒྱལ་ཚོགས་ཀྱི་ལྷན་ཚོགས་སྐབས་ ཨ་རིའི་སྲིད་འཛིན་སྦ་རཀ་ཨོ་སྦ་མ་མཆོག་གིས་ལྷོ་ཤར་ཨི་ཤི་ཡའི་མཐུན་ཕྱོགས་རྒྱལ་ཁབ་ཀྱི་འཐུས་མི་རྣམ་པ་དང་མཇལ་འཕྲད་གནང་འཆར་ཡོད་པ་གཟའ་པ་སངས་ཉིན་ཨ་རིའི་སྲིད་འཛིན་ལས་ཁང་གིས་གནས་ཚུལ་ཕྱིར་བསྒྲགས་གནང་འདུག
ཨ་རིའི་སྲིད་འཛིན་ལས་ཁང་གིས་གནས་ཚུལ་ཕྱིར་བསྒྲགས་གནང་པའི་ནང་ ཨ་རིའི་སྲིད་འཛིན་མཆོག་ནས་ཕྱི་ཟླ་དགུ་པའི་ཚེས་༢༤ཉིན་ཨ་རིའི་གྲོང་ཁྱེར་ནིའུ་དབྱོག་དུ་འཛམ་གླིང་མཉམ་འབྲེལ་རྒྱལ་ཚོགས་ཀྱི་ལོ་འཁོར་ཚོགས་ཆེན་སྐབས་ ལྷོ་ཤར་ཨེ་ཤི་ཡའི་མཐུན་ཕྱོགས་ཡུལ་གྲུ་བཅུའི་སྐུ་ཚབས་དང་ཐུག་ཕྲད་གནང་རྒྱུ་དང་ དེའི་སྐབས་ཨ་རིའི་སྲིད་འཛིན་མཆོག་ནས་ཨ་རིས་ལྷོ་ཤར་ཨེ་ཤི་ཡའི་ཁུལ་དུ་འཛིན་པའི་སྲིད་བྱུས་གསལ་སྟོན་དང་འབྲེལ་ཨ་རིའི་སྲིད་འཛིན་ཟུར་པ་ཇོར་ཇེ་སྦུ་ཤུ་མཆོག་གིས་སྲིད་འཛིན་ཐུགས་འགན་བཞེས་པའི་སྐབས་ལྷོ་ཤར་ཨེ་ཤི་ཡའི་ཡུལ་གྲུ་ཁག་དབར་གྱི་འབྲེལ་ལམ་ལྷོད་གཡེངས་སོང་བ་སླར་གསོ་ཡོང་ཐབས་གནང་རྒྱུ་ཡིན་པ་གསུངས་འདུག
ད་རེས་ནིའུ་དབྱོག་ནང་ཨ་རིའི་སྲིད་འཛིན་ནས་ལྷོ་ཤར་ཨེ་ཤི་ཡའི་མཐུན་ཕྱོགས་ཡུལ་གྲུ་སྐུ་ཚབ་དང་མཇལ་འཕྲད་གནང་རྒྱུ་དེ་ཡང་སྔ་ལོ་སེང་ག་ཕོའོ་ནང་ཨ་རིའི་སྲིད་འཛིན་ཨོའོ་བ་མ་མཆོག་གིས་ལྷོ་ཤར་ཨེ་ཤི་ཡའི་མཐུན་ཕྱོགས་ཡུལ་གྲུ་སྐུ་ཚབ་དང་མཇལ་འཕྲད་གནང་བ་མཇུག་སྐྱོང་བྱ་རྒྱུ་དང་ དེའི་སྐབས་སྲིད་འཛིན་ཨོ་སྦ་མ་མཆོག་དང་ལྷོ་ཤར་ཨེ་ཤི་ཡའི་མཐུན་ཕྱོགས་ཡུལ་གྲུའི་སྐུ་ཚབ་རྣམ་པའི་དབར་ཕྱོགས་གཉིས་ཀས་ཐུགས་ཁུར་གནང་སའི་གནད་དོན་དཔེར་ན་ ཚོང་འབྲེལ་དང་མ་རྩ་འཛུགས་འཇོག་ ལྷོ་ཤར་ཨེ་ཤེ་ཡའི་ས་གནས་བདེ་འཇགས་དང་ ས་གནས་དེ་ཚོའི་ནང་བཟའ་ཆས་དང་ནུས་པའི་འབྱུང་ཁུངས་ཀྱི་བདེ་འཇགས་གནད་དོན་ གནམ་གཤིས་འགྱུར་ལྡོག་གི་གནད་དོན་སོགས་ཀྱི་ཐོག་བཀའ་བསྡུར་གནང་ཡོད་པ་དང་ ད་རེས་ཡང་གོང་གི་གནད་དོན་ཁག་མཇུག་སྐྱོང་དང་འབྲེལ་མ་འོངས་ཨ་རིའི་སྲིད་འཛིན་མཆོག་ནས་ཨ་རི་དང་ལྷོ་ཤར་ཨེ་ཤི་ཡའི་མཐུན་ཕྱོགས་རྒྱལ་ཁབ་ཁག་དབར་གྱི་འབྲེལ་ལམ་སྲ་བརྟན་གཏང་རྒྱུ་མ་ཟད་ ཕྱོགས་གཉིས་དབར་མཉམ་ལས་འཐུས་སྒོ་ཚང་དུ་གཏོང་རྒྱུའི་གནད་དོན་ཐོག་བཀའ་བསྡུར་གནང་རྒྱུའི་ཐུགས་རེ་གནང་གི་ཡོད་པ་ཨ་རིའི་སྲིད་འཛིན་ལས་ཁང་གིས་སྤེལ་བའི་གསལ་བསྒྲགས་ནང་བཀོད་ཡོད་པ་རེད༎