བྱང་ཀོ་རི་ཡས་ལྷོ་ཀོ་རི་ཡར་དགྲ་ལན་གྱི་ཉེན་བརྡ་བཏང༌།
2010.06.06
༄༅༎དེ་རིང་རེས་གཟའ་ཉི་མའི་ཉིན་བྱང་ཀོ་རི་ཡས། ཉེ་ཆར་ལྷོ་ཀོ་རི་ཡའི་དམག་གྲུ་ཞིག་མཚོ་འོག་ཏུ་ལྡིམ་པ་དེའི་དོན་རྐྱེན་བྱང་ཀོ་རི་ཡའི་ཐོག་ལ་ནག་ཉེས་བཙུགས་ཏེ་མཉམ་འབྲེལ་རྒྱལ་ཚོགས་ཀྱི་སྲུང་སྐྱོབ་ལྷན་ཁང་དུ་རྩིས་སྤྲོད་བྱས་ཚེ་ལྷོ་ཀོ་རི་ཡའི་ཐོག་དགྲ་ལན་ལོག་རྒྱུའི་ཉེན་བརྡ་བཏང་ཡོད་པ་རེད།
རེས་གཟའ་པ་སངས་ཉིན་ལྷོ་ཀོ་རི་ཡའི་གཞུང་འབྲེལ་གྱི་ཐོག་ནས་ཉེ་ཆར་ཕྱི་ཟླ་གསུམ་པའི་ཚེས་༢༦ཉིན་ཁོང་ཚོའི་དམག་གྲུ་ཞིག་གཏོར་སྐྱོན་བྱུང་སྟེ་དམག་གྲུ་གཏོང་མཁན་ལས་བྱེད་པ་༤༦ རྐྱེན་ལམ་དུ་ཕྱིན་པའི་དོན་རྐྱེན་དེའི་བྱེད་ལྟེ་བྱང་ཀོ་ར་ཡ་ཡིན་པ་དང༌། བྱང་ཀོ་རི་ཡའི་བྱ་སྤྱོད་དེར་འཛམ་གླིང་མཉམ་འབྲེལ་རྒྱལ་ཚོགས་ཀྱི་སྲུང་སྐྱོབ་ལྷན་ཁང་ནས་ཉེས་ཆད་གཏོང་བའི་བྱེད་ཐབས་ཤིག་ལག་བསྟར་གནང་སྐྱོང་ཡོང་བའི་ཞུ་གཏུགས་བྱས་ཡོད་ཅིང༌། འདས་ཟིན་པའི་དུས་ཚོད་ནང་བྱང་ཀོ་རི་ཡའི་ཕྱོགས་ནས་ལྷོ་ཀོ་རི་ཡའི་ཐོག་རྒོལ་རྡུང་གཏོང་དང་གཏོང་བཞིན་པའི་ལོ་རྒྱུས་ཀྱི་དགྲ་འཁོན་འཛིན་ཞིག་ཏུ་གྱུར་ཡོད་ཀྱང་ལྷོ་ཀོ་རི་ཡས་བྱང་ཀོ་རི་ཡའི་གནད་དོན་ད་རེས་འཛམ་གླིང་མཉམ་འབྲེལ་རྒྱལ་ཚོགས་ཀྱི་སྲུང་སྐྱོབ་ལྷན་ཁང་དུ་རྩིས་སྤྲོད་བྱས་པ་ཐེངས་དང་པོ་ཡིན་པ་རེད། དེ་རིང་རེས་གཟའ་ཉི་མའི་ཉིན་བྱང་ཀོ་རི་ཡའི་ཕྱོགས་ནས་གསལ་བསྒྲགས་ཞིག་འགྲེམས་སྤེལ་བྱས་ཏེ། ལྷོ་ཀོ་རི་ཡས་ཁོ་ཚོའི་དམག་གྲུ་གཏོར་སྐྱོན་གཏོང་མཁན་བྱང་ཀོ་རི་ཡ་ཡིན་པའི་སྐྱོན་འཛུགས་བྱས་པ་དེ་བདེན་པ་མིན་པ་དང། བྱང་ཀོ་རི་ཡ་དོན་རྐྱེན་དེའི་ནང་ལེ་ཐོག་མེད་ལུགས་བཤད་པ་མ་ཟད། ལྷོ་ཀོ་རི་ཡའི་ཕྱོགས་ནས་བྱང་ཀོ་རི་ཡའི་ཐོག་ལ་འཛམ་གླིང་མཉམ་འབྲེལ་རྒྱལ་ཚོགས་ནས་ཉེས་ཆད་གཏོང་དགོས་པའི་རྩིས་སྤྲོད་བྱས་པའི་བྱ་སྤྱོད་དེ་ནི་ཕྱོགས་གཉིས་བར་གྱི་དམག་དོན་གྱི་གནས་སྟངས་ཛ་དྲག་ཏུ་འགྲོ་རྒྱུ་དང༌། དེ་ཡིས་དམག་འཁྲུག་གི་རྐྱེན་དུ་འགྲོ་རྒྱུའི་ཉེན་བརྡ་བཏང་ཡོད་པ་རེད།