ད་ལོའི་ནོ་སྦེལ་ཞི་བདེའི་གཟེངས་རྟགས་མི་སྒེར་བ་ཞིག་དང་ཚོགས་པ་གཉིས་བཅས་ལ་ཐོབ་འདུག

2022.10.07
ད་ལོའི་ནོ་སྦེལ་ཞི་བདེའི་གཟེངས་རྟགས་མི་སྒེར་བ་ཞིག་དང་ཚོགས་པ་གཉིས་བཅས་ལ་ཐོབ་འདུག ༢༠༢༢ལོའི་ནོ་སྦེལ་ཞི་བདེའི་གཟེངས་རྟགས་ཐོབ་མཁན་དག ༢༠༢༢
སྒྲིག་བཟོ།/ AP/RFA

༢༠༢༢ལོའི་ནོ་སྦེལ་ཞི་བདེའི་གཟེངས་རྟགས་དེ་བཞིན་འགྲོ་བ་མིའི་ཐོབ་ཐང་སྲུང་སྐྱོབ་དང་ཞི་བའི་མི་སེར་གྱི་རང་དབང་ལས་དོན་སྤེལ་མཁན་མི་སྒེར་བ་ཞིག་དང་ཚོགས་པ་གཉིས་བཅས་ལ་ཐོབ་འདུག
དེ་ཡང་ནོ་སྦེལ་ཞི་བདེའི་གཟེངས་རྟགས་གོ་སྒྲིག་ཚོགས་ཆུང་གི་གསལ་བསྒྲགས་ལྟར་ན། ཕྱི་ལོ་ ༢༠༢༢ལོའི་ནོ་སྦེལ་ཞི་བདེའི་གཟེངས་རྟགས་དེ་བཞིན་(Belarus)་རྒྱལ་ཁབ་ནས་ཡིན་པའི་འགྲོ་བ་མིའི་ཐོབ་ཐང་གི་ལས་འགུལ་སྤེལ་གནང་མཁན་སྐུ་ཞབས་(Ales Bialitski)་ལགས་དང་། གཞན་ར་ཤེ་ཡའི་འགྲོ་བ་མིའི་ཐོབ་ཐང་གི་ཚོགས་པ་(Memorial)་ཞེས་པ་དང་ཡུཀ་རེན་གྱི་ཞི་བའི་མི་སེར་གྱི་རང་དབང་ལས་འགུལ་སྤེལ་གནང་མཁན་གྱི་ཚོགས་པ་(Center for Civil Liberties)་བཅས་པར་འབུལ་རྒྱུའི་ཐག་གཅོད་གནང་ཡོད་པ་རེད་འདུག ད་ལོའི་ནོ་སྦེལ་ཞི་བདེའི་གཟེངས་རྟགས་ཐོབ་གནང་མཁན་གྲས་བྷེལ་ལ་རིསུའི་འགྲོ་བ་མིའི་ཐོབ་ཐང་གི་ལས་འགུལ་སྤེལ་གནང་མཁན་སྐུ་ཞབས་(Ales Bialiatski)་ལགས་ནི་མི་ཚེ་གང་བོར་དམངས་གཙོའི་ཐོག་ཕྱག་ལས་གནང་མཁན་ཞིག་དང་། ཕྱི་ལོ་༡༩༨༠འི་ནང་ཁོང་གིས་(Belarus)་ཡུལ་ནང་དམངས་གཙོའི་ལས་འགུལ་གྱི་ཚོགས་པ་གསར་འཛུགས་གནང་བ་དང་། ཡུལ་དེའི་གཞུང་གི་དབང་འཛིན་པ་ཚོས་ཁོང་ཕྱི་ལོ་༢༠༢༠ལོ་ནས་འཛིན་བཟུང་བཀག་ཉར་བྱས་ཡོད་པ་རེད་འདུག
གཞན་ད་ལོའི་ནོ་སྦེལ་ཞི་བདེའི་གཟེངས་རྟགས་ཐོབ་མཁན་ར་ཤེ་ཡ་དང་ཡུཀ་རེན་གྱི་འགྲོ་བ་མིའི་ཐོབ་ཐང་གི་ལས་འགུལ་སྤེལ་གནང་མཁན་གྱི་ཚོགས་པ་གཉིས་ལ་གནང་དགོས་དོན་ནི། ཚོགས་པ་དེ་གཉིས་ཀྱིས་རང་སོ་སོའི་རྒྱལ་ཁབ་ནང་ལོ་མང་རིང་ཆབ་འབངས་ཀྱི་གཞི་རྩའི་རང་དབང་ཁག་སྲུང་སྐྱོབ་དང་། རྒྱལ་ཁབ་ཀྱི་སྲིད་དབང་འཛིན་མཁན་ཚོར་སྐྱོན་བརྗོད་བྱེད་ཆོག་པའི་རང་དབང་དར་སྤེལ་གནང་ཡོད་པ་དང་། ད་དུང་ཚོགས་པ་དེ་གཉིས་ཀྱིས་སོ་སོའི་ཡུལ་ལུང་ནང་དམག་འཁྲུག་གི་དཀའ་རྙོག་སྐབས་ནག་ཉེས་ཅན་གྱི་ལས་དོན་ཁག་ཐོ་བཀོད་དང་འགྲོ་བ་མིའི་ཐོབ་ཐང་བརྡལ་བཤིག་དང་སྲིད་དབང་བེད་སྤྱོད་ལོག་པར་གཏོང་བཞིན་པ་ཁག་ཐོ་འགོད་བྱས་ནས་ཞི་བདེའི་ཐད་གཟེངས་སུ་ཐོན་པའི་ཕྱག་ལས་གནང་པ་གསལ་སྟོན་གནང་འདུག
དེ་སྔ་སྤྱི་ལོ་༡༩༨༩ལོའི་ནོ་སྦེལ་ཞི་བདེའི་གཟེངས་རྟགས་དེ་བོད་མིའི་དབུ་ཁྲིད་སྤྱི་ནོར་༧གོང་ས་རྒྱལ་བ་རིན་པོ་ཆེ་ལ་འབུལ་བཞེས་གནང་ཡོད་པ་རེད།

གསར་འགོད་པ། ལྷུན་གྲུབ་ཚེ་རིང་།
རྩོམ་སྒྲིག་པ། ཚེ་བརྟན་རྣམ་རྒྱལ།
དྲ་ཐོག་རྩོམ་སྒྲིག་པ། དཔལ་ལྡན་རྒྱལ།
དྲ་ཐོག་སྤེལ་མཁན། ཀླུ་འབུམ།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་མཆོག་གིས་ཨ་རིར་གཞུང་འབྲེལ་ཕྱོགས་ཕེབས་དང་འབྲེལ་ཨ་རིའི་བོད་དོན་དམིགས་བསལ་འབྲེལ་མཐུད་པ་བསྐོ་གཞག་དགོས་པའི་འབོད་སྐུལ་ཞུས་འདུག
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
བཙན་བྱོལ་ནང་གི་མི་རབས་གཞོན་པ་རྣམས་ལ་བོད་ནང་གི་ཛ་དྲག་གནས་སྟངས་ངོ་སྤྲོད་བྱ་ཆེད། སྙིང་སྟོབས་ཀྱི་འབོད་སྒྲ ཅེས་པའི་གཏམ་བརྗོད་གཟིགས་འབུལ་ཞུ་བཞིན་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎