༢༠༢༣ལོའི་ནོ་སྦེལ་ཞི་བདེའི་གཟེངས་རྟགས་ད་ལྟ་བཙོན་འཇུག་འོག་ཡོད་པའི་བུད་མེད་ཐོབ་ཐང་རྩོད་ལེན་པ་ཨེ་རན་གྱི་བུད་མེད་ཞིག་ལ་ཐོབ་འདུག

2023.10.06
༢༠༢༣ལོའི་ནོ་སྦེལ་ཞི་བདེའི་གཟེངས་རྟགས་ད་ལྟ་བཙོན་འཇུག་འོག་ཡོད་པའི་བུད་མེད་ཐོབ་ཐང་རྩོད་ལེན་པ་ཨེ་རན་གྱི་བུད་མེད་ཞིག་ལ་ཐོབ་འདུག ༢༠༢༣ལོའི་ནོ་སྦེལ་ཞི་བདེའི་གཟེངས་རྟགས་ཐོབ་མཁན་ད་ལྟ་བཙོན་འཇུག་འོག་ཡོད་པའི་བུད་མེད་ཐོབ་ཐང་རྩོད་ལེན་པ་ཨེ་རན་གྱི་བུད་མེད་(Narges Mohammadi)་ལགས།
སྒྲིག་བཟོ། /NobelPrize

ཟླ་བ་འདིའི་ཚེས་༦ཉིན་ནོར་ཝེའི་ནོ་སྦེལ་གཟེངས་རྟགས་དཔྱད་འདེམས་ཚོགས་ཆུང་གིས། ཕྱི་ལོ་༢༠༢༣ལོའི་ནོ་སྦེལ་ཞི་བདེའི་གཟེངས་རྟགས་ད་ལྟ་ཨེ་རན་(Iran)་གྱིས་བཙོན་དུ་ལོ་༡༢ཡི་ཁྲིམས་ཆད་འཁུར་བཞིན་པའི་བུད་མེད་ཐོབ་ཐང་རྩོད་ལེན་པ་དང་། གསར་འགོད་པ་ལྕམ་ནར་གྷེ་སི་མོའོ་ཧམ་མེ་ཌིས་(Narges Mohammadi)་ལགས་སུ་ཕུལ་རྒྱུ་ཡིན་པ་ནོ་སྦེལ་གཟེངས་རྟགས་དཔྱད་འདེམས་ཚོགས་ཆུང་གི་ཚོགས་གཙོ་བྷཝ་རེ་ཐི་རེས་སིས་ཨན་ཌིར་སེན་(Berit Reiss-Andersen)་ལགས་ཀྱིས་ཐོག་མར་བྷོ་སི་སྐད་ནང་བུད་མེད། ཚེ་སྲོག རང་དབང་ཞེས་བརྗོད་དེ་གསལ་བསྒྲགས་གནང་འདུག
གསལ་བསྒྲགས་སྐབས། དེ་ནི་ཁོང་གིས་ཨེ་རན་ནང་གཉའ་གནོན་མྱོང་བཞིན་པའི་བུད་མེད་རྣམས་ཀྱི་ཆེད་དུ་འཐབ་རྩོད་གནང་བ་དང་། དེ་བཞིན་ཁོང་གིས་མི་ཚང་མའི་ཆེད་དུ་འགྲོ་བ་མིའི་ཐོབ་ཐང་དང་རང་དབང་རྩོད་ལེན་ཐད་ཕྱག་ལས་གནང་བར་ཆེ་བསྟོད་ཆེད་ཡིན་པ་དང་། ཁོང་གི་བློ་སྟོབས་ཆེན་པོའི་འཐབ་བརྩོད་གནང་བར་མི་སྒེར་གྱིས་བློས་གཏོང་ཡང་ཆེན་པོ་གནང་ཡོད་པ་རེད་ཅེས་ཨེ་རན་གཞུང་གིས་སྔ་རྗེས་སུ་ཐེངས་བཅུ་གསུམ་ལ་མའོ་ཧམ་མས་ཌི་ལགས་འཛིན་བཟུང་དང་། ཐེངས་ལྔ་ལ་ནག་ཉེས་བཙུགས་ཏེ་ཁྱོན་བསྡོམས་མི་ལོ་༣༡རིང་བཙོན་འཇུག་ཐེབས་མྱོང་པ་དང་། ལྕགས་ཚན་གཞུ་རྡུང་ཐེངས་༡༥༤མྱངས་ཡོད་པ་སོགས་འགྲེལ་བརྗོད་གནང་ནས། ད་ལྟ་དགུང་ལོ་༥༡ཡིན་པའི་ལྕམ་ནར་གྷི་སི་་མོའི་ཧམ་མེ་ཌིས་ལགས་ནས་འདས་པའི་ལོ་ངོ་སུམ་ཅུ་ལྷག་གི་རིང་ཨེ་རན་ནང་གི་བུད་མེད་ཚོའི་ཐོབ་ཐང་གཙོས་པའི་འགྲོ་བ་མིའི་ཐོབ་ཐང་དང་སྲོག་ཐོག་ཉེས་ཆད་མེད་པར་བཟོ་ཐབས་ཆེད་འཐབ་རྩོད་གནང་བར་བསྔགས་བརྗོད་གནང་ཡོད། དེ་བཞིན་གོང་ཞུས་བུད་མེད་དང་ཚེ་སྲོག་རང་དབང་ཞེས་པ་དེ་ནི་ཨེ་རན་ནང་བུད་མེད་ཚོའི་རང་དབང་རྩོད་ལེན་གི་ངོ་རྒོལ་ལས་འགུལ་སྐབས་ཀྱི་བརྗོད་ཚིག་གཙོ་བོ་ཡིན་འདུག
གནས་ཚུལ་ནང་བརྗོད་ན། ལྕམ་མོའོ་ཧམ་མེ་ཌི་ལགས་ད་ལྟ་ཨེ་རན་གྱི་རྒྱལ་ས་ཏེ་ཧི་རན་གྱི་(Tehran)་ཨས་ཝིན་( Evin)་བཙོན་ཁང་དུ་ལོ་བཅུ་གཉིས་ཀྱི་བཙོན་འཇུག་ཁྲིམས་ཆད་འཁུར་བཞིན་པ་དང་། ཁོང་འདས་པའི་མི་ཚེའི་ནང་ཐེངས་བཅུ་ཕྲག་ཁ་ཤས་ལ་འཛིན་བཟུང་བྱས་མྱོང་ཞིང་། ཕྱི་ལོ་༢༠༡༢ལོ་ནས་བཟུང་ཁོང་གོང་ཞུས་བཙོན་ཁང་དེར་ཐེངས་གསུམ་བཅུག་མྱོང་ཡོད་པ་དང་། ཁོང་ལོ་བཅོ་ལྔའི་རིང་ཁྱོ་ག་དང་ཐུག་འཕྲད་བྱེད་བཅུག་མེད་པ་དང་། ལོ་བདུན་རིང་རང་གི་བུ་ཕྲུག་དང་ཐུག་འཕྲད་བྱེད་བཅུག་མེད་པ་རེད། ཁོང་ནི་ད་བར་ནོ་སྦེལ་ཞི་བདེ་གཟེངས་རྟགས་ཐོབ་པ་བཙོན་འོག་ལ་ཡོད་མཁན་ལྔ་བ་དེ་དང་། བུད་མེད་གཟེངས་རྟགས་དེ་ཐོབ་མཁན་ཨང་༡༩བ་དེ་ཡིན་འདུག
ད་ལོ་ལྕམ་མོའོ་ཧམ་མེ་ཌིས་ལགས་སུ་ཨ་སྒོར་ས་ཡ་གཅིག་ཡས་མས་ཀྱི་གཟེངས་རྟགས་མ་དངུལ་ཐོབ་ཡོད་ལ། གཟེངས་རྟགས་མཛད་སྒོ་དེ་ཕྱི་ཟླ་༡༢པའི་ཚེས་༡༠ཉིན་ནོར་ཝེ་རྒྱལ་ས་ཨོ་སི་ལོ་ནས་འཚོགས་རྒྱུ་ཡིན་པ་རེད།
དེ་སྔོན་ལྕམ་མོའོ་ཧམ་མེ་ཌིས་ནས་ནིའུ་ཡོག་དུས་བབ་ལ་ཁོང་བཙོན་དུ་ཚུད་ཀྱང་རུང་། ཁོང་གིས་ནམ་ཡང་དམངས་གཙོ་དང་འདྲ་མཉམ་གྱི་ཐོབ་ཐང་རྩོད་ལེན་ཆེད་འཐབ་རྩོད་གནང་རྒྱུ་ཡིན་པ་གསུང་འདུག

Jailed Iranian activist Narges Mohammadi wins 2023 Nobel Peace Prize.JPG
ལྕམ་(Narges Mohammadi)་ལགས་དང་ཁོང་མོའི་སྐུ་ཟླ་གཉིས་ཀྱི་མཉམ་པར་ཞིག་སྐུ་ཟླས་གསར་འགོད་པར་སྟོན་བཞིན་པ།

ད་ལྟ་ཧྥ་རན་སིར་ཡོད་པའི་ལྕམ་མོའོ་ཧམ་མེཌིས་ལགས་ཀྱི་བཟའ་ཟླ་(Taghi Ramahi)་ལགས་ཀྱིས་རང་ཁྱིམ་དུ་བརྙན་འཕྲིན་བརྒྱུད་གནས་ཚུལ་ཤེས་རྗེས་དགའ་བསུའི་ཐལ་མོ་རྡབ་ཞོར་ནོ་སྦེལ་གཟེངས་རྟགས་འདི་ནི་ནར་གྷེ་སིའི་འགྲོ་བ་མིའི་ཐོབ་ཐང་རྩོད་ལེན་གྱི་བློ་སྟོབས་ལ་སྐུལ་མ་གནང་བ་མ་ཟད། བུད་མེད། ཚེ་སྲོག རང་དབང་གི་ལས་འགུལ་སྤེལ་མཁན་ཚོར་གཟེངས་རྟགས་འདི་ཕུལ་བ་ཡིན་པ་གསུང་འདུག
ལྕམ་ནར་གྷེ་སི་མོའོ་ཧམ་མེ་ཌིས་ལགས་ནི། དེ་སྔོན་གསར་འགོད་པ་ཞིག་ཡིན་པ་དང་། ཨེ་རན་ནང་བཙུགས་པའི་འགྲོ་བ་མིའི་ཐོབ་ཐང་སྲུང་སྐྱོབ་བསྟི་གནས་ཁང་ཞེས་པ་དེའི་འགན་འཛིན་གཞོན་པ་དང་། གཞུང་འབྲེལ་མ་ཡིན་པའི་ཚོགས་པ་དེར་ཕྱི་ལོ་༢༠༠༣ལོར་ནོ་སྦེལ་ཞི་བདེའི་རྟགས་མ་ཐོབ་མཁན་ལྕམ་ཞི་རེན་ཨས་བྷ་ཌིས་(Shirin Abadi)་ཡིས་སྣེ་ཁྲིད་གནང་གི་ཡོད་པ་རེད།


གསར་འགོད་པ། ལྕགས་མོ་འཚོ།
རྩོམ་སྒྲིག་པ། དཔལ་ལྡན་རྒྱལ།
དྲྭ་ཐོག་སྤེལ་མཁན། ཀླུ་འབུམ།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་མཆོག་གིས་ཨ་རིར་གཞུང་འབྲེལ་ཕྱོགས་ཕེབས་དང་འབྲེལ་ཨ་རིའི་བོད་དོན་དམིགས་བསལ་འབྲེལ་མཐུད་པ་བསྐོ་གཞག་དགོས་པའི་འབོད་སྐུལ་ཞུས་འདུག
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
བྱེས་ཀྱི་གདན་ས་བཀྲིས་ལྷུན་པོ་གཙོས་པའི་བོད་མི་གནས་སྡོད་ས་གནས་ཁག་ཏུ་༸པཎ་ཆེན་དགེ་འདུན་ཆོས་ཀྱི་ཉི་མ་མཆོག་གི་འཁྲུངས་སྐར་སྲུང་བརྩི་ཞུས།
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎