བོད་ནང་རྡོ་སྣུམ་ལས་འཆར་ལ་བསྐྱར་དུ་དགོངས་བཞེས་རེ་འབོད།

ནོ་བེལ་ཞི་བདེའི་དེད་དཔོན་དགུ་ཡིས་ཨ་རིའི་སྲིད་འཛིན་ལ་རྡོ་སྣུམ་འོར་འདྲེན་གྱི་ལས་འཆར་ཐད་བསྐྱར་དུ་དགོངས་བཞེས་གནང་བའི་འབོད་སྐུལ།

༄༅།།ནོ་བེལ་ཞི་བདེ་གཟེངས་རྟགས་བཞེས་མཁན་དགུ་ཡིས་ཨ་མི་རི་ཀ་དང་ཁེ་ན་ཌའི་དབར་རྡོ་སྣུམ་འོར་འདྲེན་གྱི་ལས་འཆར་ཐད་བསྐྱར་དུ་དགོངས་བཞེས་གནང་དགོས་པའི་འབོད་སྐུལ་ཞུས་གནང་ཡོད་འདུག༎
ཨ་མི་རི་ཀས་ཨ་སྒོར་ཐེར་འབུམ་བདུན་གྱི་སྣུམ་རྫས་བོགས་གཏོང་མཐུད་འབྲེལ་བྱ་རྒྱུའི་ལས་གཞི་དེའི་ཆེད་དུ་ཁེ་ན་ཌའི་བཟོ་ཚོང་ཚན་པས་རིན་གོང་འགྲན་བསྡུར་གནང་བཞིན་པའི་སྐབས་དེར་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གཙོས་པའི་དབུས་ནོ་བེལ་ཞི་བདེའི་དེད་དཔོན་དགུ་ཡིས་ལས་གཞི་དེས་གོ་ལ་སྤྱི་ཡོངས་ལ་གནོད་སྐྱོན་ཡོང་གི་ཡོད་པས་འགྲེལ་བརྗོད་མཛད་པའི་ཕྱག་བྲིས་ཤིག་གནང་ཡོད་ལུགས་བཙན་བྱོལ་བོད་མིའི་གཞུང་འབྲེལ་དྲྭ་རྒྱའི་ཐོག་གནས་ཚུལ་སྤེལ་འདུག། ཕྱི་ཟླ་ ༩ ཚེས་ ༨ ཉིན་གསར་འགྱུར་བརྒྱུད་ལམ་ཁག་ནང་གནས་ཚུལ་ཐོན་གསལ་ལྟར། ནོ་བེལ་ཞི་བདེའི་དེད་དཔོན་དགུ་ཡིས་ཨ་རིའི་སྲིད་འཛིན་སྦ་རཀ་ཨོ་སྦ་མ་མཆོག་ལ་ཨ་རིའི་ལྷོ་ཕྱོགས་སྣུམ་འཚག་རྒྱག་གི་མཚོ་འགྲམ་བར་དུ་འཐེན་རྒྱུའི་བོགས་གཏོང་འབྲེལ་མཐུད་ཀྱི་ལས་གཞི་དེར་ཆོག་མཆན་མ་གནང་བའི་འབོད་སྐུལ་གནང་འདུག ཨ་རིའི་སྲིད་འཛིན་གྱིས་ལས་གཞི་དེར་ཆོག་མཆན་མ་གནང་བ་ཡིན་ན། དེས་འཛམ་གླིང་ནང་ནུས་ཤུགས་འདོན་ཐབས་སུ་སྣུམ་དང་རྡོ་སོལ་སོགས་ཀྱི་བེད་སྤྱོད་ཀྱི་ཚབ་ཏུ་རང་འབྱུང་ནུས་ཤུགས་ཆེད་མ་རྩ་འཛུགས་འཇོག་མང་ཙམ་གནང་ཐུབ་རྒྱུར་ཕན་ཐོགས་ཆེན་པོ་ཡོང་ངེས་ཡིན། ཞེས་ནོ་བེལ་ཞི་བདེའི་དེད་དཔོན་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་གཙོས་ལྷོ་ཨ་ཕི་རི་ཀའི་ཡེ་ཤུ་ཆོས་དཔོན་ཌེ་སི་མན་ཊུ་ཊུ་(Archbishop Desmond Tutu)མཆོག་སོགས་ཞི་བདེའི་དཔོན་དགུ་ཡིས་མཚན་རྟགས་བསྐྱོན་པའི་ཕྱག་བྲིས་ཤིག་གནང་འདུག་པ་བཅས།།