ལྷ་སའི་ལྷ་ལྡན་གཙུག་ལག་ཁང་ལ་མེ་སྐྱོན་བྱུང་རྗེས་ཉིན་གསུམ་རིང་མཆོད་མཇལ་གཏོང་རྒྱུ་མཚམས་འཇོག་བྱས་འདུག
དེ་ཡང་འདི་ག་རླུང་འཕྲིན་ཁང་ལ་གནས་ཚུལ་འབྱོར་བ་ལྟར་ན། བོད་ཚེས་གཉིས་དང་སྤྱི་ཚེས་༡༧ཉིན་གྱི་དགོང་དྲོའི་ཆུ་ཚོད་དྲུག་དང་སྐར་མ་བཞི་བཅུ་ཙམ་ལ་གཙུག་ལག་ཁང་དུ་མེ་སྐྱོན་བྱུང་རྗེས། ཚེས་༡༨་ཉིན་གཙུག་ལག་ཁང་དོ་དམ་ཨུ་ཡོན་ལྷན་ཁང་གི་ཆོས་དོན་ཚན་པས་གསལ་བསྒྲགས་སྤེལ་ནས། རྒྱ་ཆེའི་དད་ལྡན་མང་ཚོགས་ཀྱི་འདོད་པ་སྐོང་ཆེད་བོད་ཚེས་༤་ཉིན་གྱི་ཞོགས་པ་ནས་ཉིན་གུང་ཆུ་ཚོད་གཉིས་པ་བར་མཆོད་མཇལ་གཏོང་རྒྱུ་དང་དེ་ནས་མཚམས་འཇོག་རྒྱུ་ཡིན་པའི་བརྡ་ཐོ་སྤེལ་འདུག
ཡང་ཚེས་༡༩་ཉིན་བསྐྱར་དུ་བརྡ་ཐོ་ཞིག་སྤེལ་ནས། བོད་ཚེས་༥ སྟེ་ཕྱི་ཟླ་ ༢ ཚེས་ ༢༠ ནས་ བོད་ཚེས་ ༧ ཕྱི་ཚེས་ ༢༢ བར་མཆོད་མཇལ་གཏོང་རྒྱུ་མིན་པ་དང་། དེའི་རྗེས་ནས་རྒྱུན་གཏན་ལྟར་མཆོད་མཇལ་ཡོད་ཚུལ་ཙམ་ལས་རྒྱུ་མཚན་སོགས་གང་ཡང་འཁོད་འདུག
གཙུག་ལག་ཁང་དུ་མེ་སྐྱོན་བྱུང་བའི་ཉིན་གཉིས་པར་སྔར་རྒྱུན་བཞིན་དད་ལྡན་མང་ཚོགས་ཚོ་མཆོད་མཇལ་དུ་བཏང་སྐབས་ཇོ་བོ་རིན་པོ་ཆེའི་སྐུ་ལ་གནོད་སྐྱོན་བྱུང་མེད་པ་མཇལ་རྒྱུ་ཡོད་ཀྱང་ཇོ་བོ་རིན་པོ་ཆེའི་སྐུ་རྒྱབ་ཏུ་དུས་རྒྱུན་མེད་པའི་ཡོལ་བ་སེར་པོ་ཞིག་ཡོད་པ་དང་། ཐོག་བརྩེགས་གཉིས་པའི་ལྷ་མོ་ཁང་དུ་མཆོག་མཇལ་བཀག་འདུག
རྒྱ་ནག་གཞུང་འབྲེལ་བརྒྱུད་ལམ་དུ། དད་ལྡན་མང་ཚོགས་ཚོ་གཙུག་ལག་ཁང་དུ་ཆོས་མཇལ་ལ་སྐྱོད་པའི་གནས་ཚུལ་རྒྱུན་གཏན་ཡིན་ཚུལ་ཙམ་ལས་མེ་སྐྱོན་གྱི་བྱུང་རྐྱེན་དང་འབྲེལ་ཡོད་ཞིབ་ཕྲའི་གནས་ཚུལ་གང་ཡང་སྤེལ་མེད་པ་རེད།
གསར་འགོད་པ་ཀླུ་འབུམ།