བོད་ཀྱི་ལོ་གསར་རྒྱས་སྤྲོད་ངང་གཏོང་རྒྱུ་མིན་པའི་གསལ་བསྒྲཌ།
བཙན་བྱོལ་བོད་གཞུང་གིས་ལོ་གསར་སྐབས་རྒྱས་སྤྲོད་དང་སྤྲོ་སྐྱིད་ཀྱི་ལས་རིམ་གང་ཡང་སྤེལ་རྒྱུ་མིན་པའི་ཡོངས་ཁྱབ་གསལ་བསྒྲགས་གནང་འདུག
-
2009-02-07 -
-
-
༄༅༎རྒྱ་ནག་གཞུང་གི་དྲག་གནོན་འོག་བོད་ནང་གི་བོད་མི་འདས་གྲོངས་སུ་གྱུར་པ་རྣམས་དང་དེ་བཞིན་བཙོན་ཁང་ཁག་གི་ནང་དཀའ་སྡུག་ཚད་མེད་མྱོང་བཞིན་པ་རྣམས་ཀྱི་ཆེད་གདུང་སེམས་མཉམ་བསྐྱེད་མཚོན་ཆེད་བོད་ཕྱི་ནང་གཉིས་སུ་གནས་པའི་བོད་མི་ཚོས་ས་གླང་ལོའི་བོད་ཀྱི་ལོ་གསར་འདི་རྒྱས་སྤྲོས་ཀྱི་ངང་སྲུང་བརྩི་མི་ཞུ་རྒྱུའི་ལས་འགུལ་རྒྱ་ཆེ་སྤེལ་བཞིན་པ་ལྟར་ཕྱི་ལོ་༢༠༠༩ལོའི་ཟླ་བ་གཉིས་པའི་ཚེས་བདུན་ཉིན་བཙན་བྱོལ་བོད་གཞུང་གིས་འཆར་ལོའི་ལོ་གསར་སྐབས་ཆོས་ཕྱོགས་ཀྱི་མཛད་སྒོ་ཁག་སྲོལ་རྒྱུན་ལྟར་གནང་པ་ལས་རྒྱས་སྤྲོད་དང་སྤྲོ་སྐྱིད་ཀྱི་ལས་རིམ་གང་ཡང་སྤེལ་རྒྱུ་མིན་པའི་ཡོངས་ཁྱབ་གསལ་བསྒྲགས་གནང་འདུག
བཙན་བྱོལ་བོད་གཞུང་གིས་གསལ་བསྒྲགས་དེ་བཞིན་བོད་གཞུང་གི་ལས་ཁུངས་ཁག་གི་དྲུང་ཆེ་དང་འགན་འཛིན་རྣམ་པའི་མཚན་ཐོག་ལ་གནང་པ་ཞིག་ཡིན་ཞིང་དེའི་ནང་ས་བྱི་ལོར་བོད་ནང་རྒྱ་ནག་གི་དྲག་གནོན་འོག་ཚབས་ཆེའི་འོག་བོད་མི་བརྒྱ་ཕྲག་མང་པོ་རྐྱེན་འདས་དང་སྟོང་ཕྲག་མང་པོ་བཙོན་འཇུག་འོག་ཚུད་པ་མ་ཟད་ད་ལྟའང་བཙན་གནོན་དམ་བསྒྲགས་ཀྱི་གནས་ཚུལ་ཡོད་པ་བཅས་ལ་བརྟེན་འཆར་ལོ་ས་གླང་གི་ལོ་གསར་སྐབས་གཞུང་འབྲེལ་གྱི་མཛད་སྒོ་རིམ་པའི་ནང་ཚེས་གཏོར་དང་བསང་གསོལ་སོགས་ཆོས་ཕྱོགས་ཀྱི་མཛད་སྒོ་རྣམས་སྲོལ་རྒྱུན་ལྟར་གནང་བ་མ་གཏོགས་གསོལ་སྟོན་དང་ཞབས་གཞས་ཤོག་པག་སྤར་བ་སོགས་བག་ཡངས་སྤྲོ་སྐྱིད་ཀྱི་ལས་རིམ་གཏན་ནས་མེད་པ་དགོས་རྒྱུ་མ་ཟད་གཞུང་ཞབས་ལས་བྱེད་རྣམས་ཀྱང་སྤྲོ་སྐྱིད་གསོལ་སྟོན་སོགས་སུ་ཕེབས་གནང་མེད་པ་དགོས་རྒྱུ་ཞེས་འཁོད་འདུག ད་དུང་བཙན་བྱོལ་བོད་གཞུང་གིས་གསལ་བསྒྲགས་འདི་ལས་ཁུངས་སོ་སོའི་ཁྱབ་ཁོངས་ས་གནས་འགོ་འཛིན་ལས་ཁུངས་ཁག་དང་སྐུ་ཚབ་དོན་གཅོད་ལས་ཁང༌།སློབ་གྲྭ་དང་སྨན་ཁང་བཅས་ལ་བརྡ་ཁྱབ་འཕྲལ་མར་གནང་དགོས་པའི་འབོད་བསྐུལ་ཡང་གནང་ཡོད་པ་རེད༎