༸གོང་ས་མཆོག་གིས་ ནི་ཧོན་ ཧི་རྡན་ཁྱོ་ཚོགས་པར་ནོ་སྦེལ་ཞི་བདེ་གཟེངས་རྟགས་ཐོབ་པར་འཚམས་འདྲི་མཛད་པ།
གནས་ཚུལ་རྒྱས་པ་གསར་འགོད་པ་བདེ་སྐྱིད་ཀུན་སྒྲོལ་ནས་སྙན་སྒྲོན་གནང་བར་གསན་རོགས།
ཕྱི་ལོ་ ༢༠༢༤ ཟླ་ ༡༠ ཚེས་ ༡༢ ཉིན་བཞུགས་སྒར་༸རྒྱལ་བའི་ཕོ་བྲང་ནས་བོད་ཀྱི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས། ཕྱི་ལོ་ ༢༠༢༤ ལོའི་ནོ་སྦེལ་ཞི་བདེ་གཟེངས་རྟགས་དེ་བཞིན་རྡུལ་ཕྲན་མཚོན་ཆ་མེད་པའི་འཛམ་གླིང་ཞིག་བསྐྲུན་ཐབས་བྱེད་མཁན་གྱི་ཉི་ཧོང་གི་ཚོགས་པ་ནི་ཧོན་ཧི་རྡན་ཁྱོ་ (Nihon Hidankyo) ལ་ཐོབ་ཡོད་པ་དེར་འཚམས་འདྲིའི་གསུང་འཕྲིན་ཞིག་སྩལ་གནང་མཛད་ཡོད་་དང་། གསུང་འཕྲིན་དུ་༸གོང་ས་མཆོག་གིས།
“དེ་སྔ་ང་ཉི་ཧོང་དུ་ཡོང་སྐབས་ཁྱེད་ཚོ་ཁག་ཅིག་དང་ཐུག་འཕྲད་བྱུང་། ངོས་ནས་ཁྱེད་རྣམ་པའི་ཕྱག་ལས་ལ་རྗེས་སུ་ཡི་རང་ཞུ་ཡི་ཡོད།
ནི་ཧོན་ཧི་རྡན་ཁྱོ་ (Nihon Hidankyo) ཚོགས་པའི་ངོས་ནས་རྡུལ་ཕྲན་མཚོན་ཆ་དང་བྲལ་བའི་འཛམ་གླིང་ཞིག་བསྐྲུན་ཆེད་དང་། རྡུལ་ཕྲན་མཚོན་ཆ་དེ་བཞིན་ནམ་ཡང་བེད་སྤྱོད་བྱ་མི་ཉེན་པའི་ར་སྤྲོད་བྱེད་ཆེད་དུ་སྐུ་ལས་ཧ་ཅང་བསྐྱོན་ཡོད་པ་དེར་ཆེ་མཐོང་གིས། ནོར་ཝེའི་ནོ་སྦེལ་གཟེངས་རྟགས་ཚོགས་ཆུང་ངོས་ནས་ཕྱི་ལོ་ ༢༠༢༤ ཡི་ཞི་བདེའི་གཟེངས་རྟགས་དེ་བཞིན་ ནི་ཧོན་ ཧི་རྡན་ཁྱོ་ ཚོགས་པར་ཕུལ་བར་བསྔགས་བརྗོད་ཞུ། ངོས་ནས་དེ་སྔ་ཉི་ཧོང་གི་ཧེ་རོ་ཤེ་མ་(Hiroshima)་དང་ནཱ་གྷ་ས་ཀས་(Nagasaki)་ས་ཁུལ་གཉིས་ཀའི་ནང་བསྐྱོད་རྒྱུ་བྱུང་ཞིང་། ཁུལ་དེར་གནོད་འཚེ་འཕོག་ཡུལ་གྱི་མི་རྣམས་ནི་སྡུག་བསྔལ་ཧ་ཅང་མྱོང་བཞིན་ཡོད་པའི་སེམས་ཚོར་ཤུགས་དྲག་བྱུང་ཞིང་། ནི་ཧོན་ཧི་རྡན་ཁྱོ་ ཚོགས་པ་དེ་གསར་འཛུགས་བྱེད་མཁན་རྣམས་ནས་ཉེན་འཚབ་ཆེ་བའི་རྡུལ་ཕྲན་མཚོན་ཆ་རྣམས་མེད་པ་བཟོ་རྒྱུ་གལ་འགངས་ཇི་ཙམ་ཆེན་པོ་ཡིན་མིན་མཚོན་ཐུབ་ཀྱི་ཡོད་པ་རེད། ངོས་ལ་མཚོན་ན་འཛམ་གླིང་འདིའི་ཐོག་རྡུལ་ཕྲན་མཚོན་ཆ་དང་དམག་མཚོན་སོགས་མེད་པ་དགོས་ཞེས་པའི་ཐོག་ཤུགས་རྒྱག་མཁན་ཞིག་ཡིན་པའི་ཆ་ནས། གཟེངས་རྟགས་དེ་བཞིན་ཚོགས་པ་དེར་ཕུལ་བ་དེས། འཛམ་གླིང་མཉམ་འབྲེལ་རྒྱ་ཚོགས་དང་དེའི་ནང་གི་རྒྱལ་ཁབ་ཁག དེ་བཞིན་མི་མང་པོ་ཞིག་ལ། འཛམ་གླིང་འདིའི་ཐོག་རྡུལ་ཕྲན་མཚོན་ཆ་དང་གོ་མཚོན་ལ་སོགས་པར་བརྟེན་པའི་འཇིགས་སྣང་དེ་མེད་པ་བཟོ་རྒྱུའི་ཐད་ཕྱག་ལས་གནང་རྒྱུར་སེམས་ཤུགས་བསྐྲུན་ཡོད་པའི་ཡིད་ཆེས་བྱེད་ཀྱི་ཡོད།” ཅེས་དང་། མཐའ་སྡོམ་དུ་༸གོང་མཆོག་གིས། “འགྲོ་བ་མིའི་རིགས་ཀྱིས་འཛམ་གླིང་འདིའི་ཐོག་དཀའ་ངལ་མང་དག་ཅིག་བསྐྲུན་ཡོད། ང་ཚོ་ཚང་མར་ཞི་བདེ་འདོད་པ་དང་སྡུག་བསྔལ་མི་འདོད་མཁན་ཤ་སྟག་ཡིན་དུས། ང་ཚོའི་ངོས་ནས་མིའི་རིགས་གཅིག་འགྱུར་གྱི་འདུ་ཤེས་གོང་འཕེལ་གྱིས་ཁོང་ཁྲོ་དང་ང་རྒྱལ་སོགས་མེད་པ་བཟོ་རྒྱུའི་ཐད་འབད་བརྩོན་བྱ་དགོས། དེ་བཞིན་ང་ཚོའི་ངོས་ནས་ཞལ་འདོན་ཁ་ནའི་བརྒྱུད་ཞི་བདེ་བསྐྲུན་མི་ཐུབ་པར་གཙོ་བོ་དོན་དངོས་སུ་ལག་བསྟར་དགོས་རྒྱུ་གལ་ཆེ་ཡིན།” ཞེས་བཀའ་སྩལ་ཡོད་པ་རེད།
དེ་ཡང་ཟླ་ ༡༠ ཚེས་ ༡༡ ཉིན་ནོར་ཝེའི་ནོ་སྦེལ་གཟེངས་རྟགས་ཚོགས་ཆུང་གིས་ཕྱི་ལོ་༢༠༢༤ ལོའི་ནོ་སྦེལ་ཞི་བདེའི་གཟེངས་དེ་ཉི་ཧོང་གི་ཚོགས་པ་དེ་སྔ་ ༡༩༤༥ ལོར་ཉི་ཧོང་གི་ཧེ་རོ་ཤེ་མ་ (Hiroshima) དང་ནཱ་གྷ་ས་ཀས་(Nagasaki)་ས་ཁུལ་གཉིས་ལ་ཨ་རིས་རྡུལ་ཕྲན་མཚོན་ཆའི་གཏོར་རྒོལ་ལས་སྲོག་ཉེན་ལས་ཐར་བའི་ཤུལ་ལུས་པ་ཚོས་རྡུལ་ཕྲན་མཚོན་ཆ་མེད་པའི་འཛམ་གླིང་ཞིག་བསྐྲུན་ཐབས་ཆེད་བཙུགས་པའི་ཚོགས་པ། ནི་ཧོན་ཧི་རྡན་ཁྱོ་ (Nihon Hidankyo) ལ་སྤྲོད་རྒྱུ་བསྒྲགས་ཡོད་པ་དང་། ཚོགས་པ་དེའི་ངོས་ནས་ལོ་མང་རིང་འཛམ་གླིང་སྟེང་རྡུལ་ཕྲན་མཚོན་ཆ་མེད་པའི་ཁོར་ཡུག་ཅིག་བསྐྲུན་པར་དྲན་སྐུལ་དང་ཕྱག་ལས་གནང་བར་བསྔགས་བརྗོད་གནང་ཡོད་པ་ནོ་སྦེལ་ཞི་བདེའི་གཟེངས་རྟགས་ཚོགས་ཆུང་གི་གཙོ་འཛིན་ཡོར་གྷེན་ཝན་ཌི་ནི་ཧྥུ་རེ་ཌི་ནེ་སི་ (Joergen Watne Frydnes) ལགས་ཀྱིས་གསལ་བསྒྲགས་གནང་ཡོད་པ་རེད།
གསར་འགོད་པ། བདེ་སྐྱིད་ཀུན་སྒྲོལ།
དྲྭ་ཐོག་སྤེལ་མཁན། བདེ་སྐྱིད་ཀུན་སྒྲོལ།