མདོ་སྨད་རྔ་བའི་སེར་སྐྱ་ཕོ་མོ་བཞི་ལ་ཕྱི་ཕྱོགས་སུ་འབྲེལ་བ་བྱས་སྐོར་གྱི་ཉེས་འཛུགས་འོག་འཛིན་བཟུང་བྱས་ཡོད་འདུག

2024.10.29
མདོ་སྨད་རྔ་བའི་སེར་སྐྱ་ཕོ་མོ་བཞི་ལ་ཕྱི་ཕྱོགས་སུ་འབྲེལ་བ་བྱས་སྐོར་གྱི་ཉེས་འཛུགས་འོག་འཛིན་བཟུང་བྱས་ཡོད་འདུག མདོ་སྨད་རྔ་བ་ནས་འཛིན་བཟུང་བྱས་པའི་དགེ་འདུན་པ་བློ་བཟང་བསམ་གཏན། བློ་བཟང་འཕྲིན་ལས། བཀྲིས་ཚེ་རིང། བན་སྐྱིད་བཅས་ཀྱི་པར། ཟླ་ཚེས་མི་གསལ།
མི་སེར་གྱི་འདྲ་པར།

ཕྱི་ལོ་ ༢༠༢༤ ཟླ་ ༩ ཚེས་འགོར་རྒྱ་ནག་གཞུང་གིས་མདོ་སྨད་རྔ་བ་ཀིརྟི་དགོན་པའི་དགེ་འདུན་པ་བློ་བཟང་བསམ་གཏན་ལགས་དང་། བློ་བཟང་འཕྲིན་ལས་ལགས། ཁྱིམ་ཚང་གཅིག་གི་མིང་སྲིང་ཡིན་པ་ཚེ་རིང་བཀྲ་ཤིས་ལགས་དང་བན་སྐྱིད་ལགས་བཅས་འཛིན་བཟུང་བཙན་ཁྲིད་བྱས་ཡོད་པ་བཞིན། བོད་མི་དེ་དག་འཛིན་བཟུང་དགོས་དོན་དགེ་འདུན་པ་གཅིག་ནས་ཕྱི་ཕྱོགས་སུ་སྐྱབས་བསྔོ་འབུལ་ཆེད་འབྲེལ་བ་བྱས་སྐོར་བརྗོད་ནས་འཛིན་བཟུང་དང་། དེ་མིན་བན་སྐྱིད་དང་ཚེ་རིང་བཀྲིས་གཉིས་ནས་རྒྱ་གར་ལྷོ་ཕྱོགས་སུ་འབྲེལ་བ་བྱས་སྐོར་གྱི་ཉེས་མིང་འོག་འཛིན་བཟུང་བྱས་ཡོད་པ་དང་། དགེ་འདུན་པ་གཅིག་འཛིན་བཟུང་བྱས་དགོས་པའི་རྒྱུ་མཚན་ཤེས་རྟོགས་ཐུབ་ཀྱི་མེད་པ། བདེ་འཇགས་ཆེད་མིང་དང་ས་གནས་སོགས་བརྗོད་སྟབས་མི་བདེ་བའི་འབྲེལ་ཡོད་བོད་མི་གཉིས་ནས་འདི་ག་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགྲེལ་བརྗོད་གནང་བྱུང་།

གོང་ཞུས་འབྲེལ་ཡོད་གཅིག་ནས་མུ་མཐུད་འགྲེལ་བརྗོད་གནང་དོན་ལ། རྒྱ་ནག་གཞུང་གིས་བོད་མི་དེ་དག་འཛིན་བཟུང་རྗེས་འབྲེལ་ཡོད་ནང་མི་ཉེ་འབྲེལ་སོགས་ལ་བརྡ་ལན་དང་གསལ་བཤད་གང་ཡང་བྱེད་ཀྱི་མེད་པ་མ་ཟད། རྔ་བ་ཕྱོགས་སུ་གསང་བའི་ངང་བོད་མི་གང་བྱུང་འཛིན་བཟུང་བཙན་ཁྲིད་ཀྱི་གནས་སྟངས་མང་དག་ཅིག་བྱུང་གི་ཡོད་ན་ཡང་། དེང་སྐབས་རྔ་བ་ཕྱོགས་སུ་རྒྱ་ནག་གཞུང་གིས་དམ་དྲག་ཤུགས་ཆེ་བྱེད་བཞིན་པས། གོང་ཞུས་འཛིན་བཟུང་བྱས་པའི་བོད་མི་བཞིའི་ད་ལྟའི་གནས་སྟངས་དང་གར་ཡོད་སོགས་ཤེས་ཐབས་རྩ་བ་ནས་མེད་པ་དང་། ལྷག་པར་དུ་རྔ་བ་ཀི་རྟི་དགོན་པའི་སློབ་གྲྭ་སྒོ་བརྒྱབ་རྗེས། རྒྱ་ནག་དབུས་འཐབ་ཕྱོགས་གཅིག་གྱུར་ཁང་གི་མགོ་གཙོ་མཐོས་གྲས་ཤིག་རྔ་བ་རྫོང་དུ་འདས་པའི་ཟླ་ཤས་རིང་གཏན་སྡོད་དང་། ཁོས་བཀོད་བྱུས་འོག་ནས་དགོན་གྲོང་གཉིས་ལ་དམ་དྲག་སྔར་ལྷག་བྱེད་བཞིན་ཡོད་པ་སོགས་འགྲེལ་བརྗོད་གནང་བྱུང་།

ཐེངས་འདིར་རྒྱ་ནག་གཞུང་གིས་གསང་བའི་ངང་འཛིན་བཟུང་བྱས་པའི་དགེ་འདུན་པ་བློ་བཟང་བསམ་གཏན་ལགས་ནི། ཕ་ཡུལ་མགོ་ལོག་གཅིག་སྒྲིལ་རྫོང་ཁང་སར་ནས་ཡིན་ཞིང་། ད་ལྟའི་ཆར་རང་ལོ་ ༥༣ ཙམ་དང་། ཆུང་དུས་ནས་རྔ་པ་ཀིརྟི་དགོན་གྱི་ཆོས་སྒོར་ཞུགས་ནས་ད་སྐབས་བཀའ་རམས་འཛིན་གྲྭ་དང་། ཁོང་རྔ་བ་ཀིརྟི་དགོན་ཀྱི་ཞབས་བརྟན་གྲྭ་ཚང་གི་དབུ་མཛད་ཆུང་བའང་ཡིན་འདུག་ལ། དགེ་འདུན་པ་བློ་བཟང་འཕྲིན་ལས་ལགས་ནི་རྔ་བ་རྫོང་རོང་མཁར་སར་ཡུལ་ཚོ་ནས་ཡིན་ཞིང་། རང་ལོ་ ༤༠ ཙམ་དང་། ཆུང་ཆུང་སྐབས་ནས་ཀིརྟི་དགོན་དུ་གྲྭ་པ་བྱས་ནས་ད་སྐབས་འདུལ་བ་ལོ་རིམ་གསུམ་པའི་འཛིན་གྲྭ་དང་། དགོན་པའི་གཏོར་སྒྲུབ་གལ་ཆེན་ཁག་གོ་སྒྲིག་མཁན་གྱི་ལས་བྱེད་ཡིན་འདུག གཞན་ཕ་མ་གཅིག་གི་མིང་སྲིང་ཡིན་པ། རང་ལོ་ ༤༡ ཙམ་ཡིན་པ་ཚེ་རིང་བཀྲ་ཤིས་ལགས་དང་རང་ལོ་ ༤༣ ཡིན་པ་བན་སྐྱིད་གཉིས་ནི་རྔ་པ་རྫོང་རོང་མཁར་སར་ནས་ཡིན་ཞིང་དེང་སྐབས་རྔ་པ་རྫོང་མཁར་དུ་གཏན་སྡོད་བྱས་བཞིན་ཡོད་པ་རེད་འདུག

གསར་འགོད་པ། བདེ་སྐྱིད་ཀུན་སྒྲོལ།

རྩོམ་སྒྲིག་པ། བསྟན་འཛིན་པདྨ།

དྲྭ་ཐོག་སྤེལ་མཁན། བདེ་སྐྱིད་ཀུན་སྒྲོལ།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
ཁྲིམས་ཁང་གིས་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་མ་དངུལ་མཁོ་སྤྲོད་དགོས་པའི་ཁྲིམས་ཀྱི་ཐག་གཅོད་ལ་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གིས་དགའ་བསུ་ཞུས།
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
བོད་ནང་གི་རྫ་སྟོད་རྫོང་གི་ས་འགུལ་ཁྲོད་མི་རྒྱུ་གཉིས་ལ་གནོད་སྐྱོན་བྱུང་མེད་སྐོར། བོད་ནང་གི་བོད་མིས་འགྲེལ་བརྗོད་གནང་གི་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎