ཆབ་སྲིད་དཔྱད་བརྗོད་པས་རྒྱ་ནག་ནང་དམངས་གཙོ་དང་ཁྲིམས་སྐྱོང་ཟེར་བ་ཞིག་རྩ་བ་ནས་མེད་ཟེར།
རྒྱ་ནག་གཞུང་གིས་བོད་ནང་གི་གྲོང་སྡེ་དང་མང་ཚོགས་ཁྲོད་བྱེད་སྒོ་སྣ་ནང་སྤེལ་ནས་དོན་དངོས་སུ་བོད་ནང་དུ་དམ་དྲག་དང་སྟངས་འཛིན་བྱེད་བདེ་རུ་གཏོང་གི་འདུག
མདོ་སྨད་རྔ་བ་བོད་རིགས་དང་ཆའང་རིགས་རང་སྐྱོང་ཁུལ་གྱི་གྲོང་སྡེ་བཞི་རྒྱ་ནག་རྒྱལ་ཡོངས་ཀྱི་དམངས་གཙོ་ཁྲིམས་སྐྱོང་དཔེ་སྟོན་གྲོང་སྡེའི་ཁོངས་སུ་ཚུད་པའི་གནས་ཚུལ་གཞིར་བཞག་ནས། ད་ལྟའི་བོད་ནང་གི་གྲོང་སྡེ་དང་མང་ཚོགས་ཁྲོད་བྱེད་སྒོ་སྣ་ནང་སྤེལ་ནས། དོན་དངོས་སུ་བོད་ནང་དུ་དམ་དྲག་དང་སྟངས་འཛིན་བྱེད་བདེ་རུ་གཏོང་བཞིན་ཡོད་འདུག
རྔ་པའི་གསར་འགྱུར་དྲ་བའི་སྟེང་ཟླ་གསུམ་པའི་ཚེས་༡༩འི་ཉིན། ཁ་བྱང་ལ་རང་ཁུལ་གྱི་གྲོང་སྡེ་བཞི་རྒྱལ་ཡོངས་ཀྱི་དམངས་གཙོ་ཁྲིམས་སྐྱོང་དཔེ་སྟོན་གྲོང་སྡེ་རུ་བདམས་ཞེས་པའི་གནས་ཚུལ་ཞིག་སྤེལ་འདུག གནས་ཚུལ་དེར་གཞིགས་ན། བྱེད་སྒོ་དེ་ནི་རྒྱ་ནག་གི་ཁྲིམས་འཛིན་ལྷན་ཁང་དང་། དམངས་སྲིད་ལྷན་ཁང་གིས་རྒྱ་ནག་རྒྱལ་ཡོངས་སུ་གྲོང་སྡེ་༡༠༤༥ལ་རྒྱལ་ཡོངས་དམངས་གཙོ་ཁྲིམས་སྐྱོང་དཔེ་སྟོན་གྲོང་སྡེ་ཡི་མཚན་སྙན་ཕུལ་བའི་ཁོངས་སུ། རྔ་བ་བོད་རིགས་དང་ཆའང་རིགས་རང་སྐྱོང་ཁུལ་གྱི་ཁོངས་གཏོགས་བོད་རིགས་གྲོང་སྡེ་གསུམ་དང་། རྒྱ་རིགས་གྲོང་སྡེ་གཅིག་བཅས་བཞི་ལ་དམངས་གཙོ་ཁྲིམས་སྐྱོང་གི་མཚན་སྙན་ཐོབ་ཚུལ་སྤེལ་འདུག་མོད། མཚན་སྙན་དེ་ཇི་ལྟར་ཐོབ་ལུགས་འགྲེལ་བརྗོད་ཚིག་གཅིག་ཀྱང་མེད་པ་རེད།
དེའི་ཐད་བོད་ནང་གི་བོད་མི་ཞིག་གིས། རྒྱ་ནག་དམར་ཤོག་ཚོགས་པས་བོད་བཙན་བཟུང་བྱས་པ་ནས་བཟུང་། བོད་ཁུལ་གང་སར་ཆབ་སྲིད་སློབ་གསོ་དང་སྲིད་ཇུས་དྲིལ་བསྒྲགས་ཀྱི་བྱེད་སྒོ་རིགས་དུས་ནས་དུས་སུ་མཚམས་མ་ཆད་པར་སྤེལ་བཞིན་པ་ལྟར། ཉེ་བའི་ལོ་ཤས་སུ་དེའི་རིགས་མུ་མཐུད་ནས་སྤེལ་བཞིན་པའི་ཁར་རྣམ་པ་སྣ་ཚོགས་དང་ངོ་བོ་འདྲ་མིན་གྱི་ལམ་ནས་སྤེལ་བཞིན་པ་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགྲེལ་བརྗོད་གནང་ཡོད།
ཡང་དེའི་ཐད་སྐབས་དོན་ཆབ་སྲིད་དཔྱད་བརྗོད་པ་ལྷ་སྡེ་གནམ་ལོ་ཡག་ལགས་ཀྱིས་གསུང་ན། རྔ་བ་ཁུལ་གྱི་གྲོང་སྡེ་བཞི་ལ་དམངས་གཙོ་ཁྲིམས་སྐྱོང་གི་དཔེ་སྟོན་གྲོང་སྡེའི་མཚན་སྙན་ཟེར་བ་ཐོབ་ཀྱང་། འཛམ་གླིང་མི་དམངས་ཚང་མས་མཁྱེན་གསལ་ལྟར། རྒྱ་ནག་ནི་གོ་ལ་ཧྲིལ་བོ་ན་ཁ་ཤས་ཤིག་ལྷག་ཡོད་པའི་སྲིད་དབང་སྒེར་འཛིན་གྱི་རྒྱལ་ཁབ་ཆེ་ཤོས་དེ་ཡིན་སྟབས། རྒྱ་ནག་ན་དམངས་གཙོ་དང་ཁྲིམས་སྐྱོང་ཟེར་བ་ཞིག་རྩ་བ་ནས་མེད་ཅེས་དང་། ད་ལྟ་རྒྱ་ནག་གཞུང་གིས་མཐོ་རིམ་ནས་དམའ་རིམ་བར་ཆབ་སྲིད་ལས་འགུལ་དང་དྲིལ་བསྒྲགས་སྤེལ་ནས། ཚོགས་ཆེན་ཉི་ཤུ་པའི་རྗེས་སུ། ཞི་ཅིན་ཕིང་གིས་མུ་མཐུད་ནས་དབང་ཆ་འཛིན་རྒྱུར་གྲ་སྒྲིག་བྱེད་བཞིན་པ་མཚོན་ཡོད་པ་ལས། བོད་ཁུལ་གྱི་གྲོང་སྡེ་བཞི་ལ་དཔེ་སྟོན་མཚན་སྙན་ཕུལ་བ་དེ་བོད་ཀྱི་སྲིད་ཇུས་ལ་འགྱུར་བ་བྱུང་བ་གང་ཡང་མིན་པ་འགྲེལ་བརྗོད་གནང་བྱུང་།
དེ་བཞིན་ཡང་ལྷ་སྡེ་གནམ་ལོ་ཡག་གིས་གནས་ཚུལ་དེའི་ནང་རང་སྐྱོང་དང་ཁྲིམས་སྐྱོང་། བཟང་སྤྱོད་ཀྱི་སྐྱོང་བ་ཟེར་བ་དོན་གྱིས་རྒྱ་ནག་གི་ཁྱད་ཆོས་ཅན་གྱི་རང་སྐྱོང་དང་། རྒྱ་ནག་གཞུང་གི་གང་གཏན་ལ་ཕབ་ཡོད་པ་ཚང་མ་ལ་ལགས་སོ་ཟེར་དགོས་པའི་བཤད་སྟངས་གཞན་ཞིག་རེད་ཅེས་འགྲེལ་བརྗོད་གནང་སོང་།
རྒྱ་ནག་དམར་ཤོག་ཚོགས་པས་བོད་བཙན་བཟུང་བྱས་བའི་རྗེས་སུ། བོད་རིགས་རྒྱ་རིགས་སུ་བསྒྱུར་བའི་སྲིད་ཇུས་གཏན་འབེབས་དང་ཆབ་སྲིད་བྱེད་སྒོ་སྣ་ཚོགས་ཤིག་སྤེལ་ཡོད་པ་དང་། ནང་སྒོས་སུ་ཞི་ཅིན་ཕིང་གི་དུས་སྐབས་སུ་ཀྲུང་ཧྭ་མི་རིགས་ཀྱི་འདུ་ཤེས་ཟེར་བ་ཤུགས་ཆེན་པོས་གླེང་ནས་བོད་སོགས་གྲངས་ཉུང་མི་རིགས་ཚོ་ཀྲུང་ཧྭ་མི་རིགས་སུ་བསྒྱུར་ཐབས་དང་། བོད་བརྒྱུད་ནང་བསྟན་ཆོས་ལུགས་དང་། ཨེ་སི་ལམ་ཁ་ཆེ་ཆོས་ལུགས་སོགས་རྒྱ་ནག་ཅན་དུ་བསྒྱུར་བའི་སྲིད་ཇུས་མངོན་སུམ་འཛེམ་མེད་དུ་སྤེལ་བཞིན་ཡོད་ལ། ཀྲུང་ཧྭ་མི་རིགས་ཞེས་པ་དེ་དོན་དངོས་སུ་རྒྱ་རིགས་ཡིན་ཞེས་གནད་དོན་དབྱེ་ཞིབ་པས་ངོས་འཛིན་བྱས་ཡོད་པ་རེད།