འབྲི་རུ་རྫོང་དུ་བོད་མི་མང་ལ་རྒྱལ་ཞེན་གྱི་སློབ་གསོ་སྤྲོད་མཁན་རྒྱ་ནག་གི་ལས་བྱེད་དང་། མི་མང་བར་གདོང་གཏུགས་བྱུང་འདུག
བོད་ནས་འདི་གར་གནས་ཚུལ་འབྱོར་བ་ལྟར་ན། ཟླ་བ་༩ ཚེས༡༠ ཉིན་ནས་འབྲི་རུ་རྫོང་ལ་བོད་རང་སྐྱོང་ལྗོངས་དང་ནག་ཆུ་ས་ཁུལ། དེ་བཞིན་ས་གནས་གཞན་ཁག་གི་རྒྱ་ནག་གི་ལས་བྱེད་མང་པོ་འབྱོར་ནས་། ཡུལ་མི་རྣམས་ལ་རྒྱ་ནག་གུང་ཁྲན་ཚོགས་པ་དང་། རྒྱལ་ཁབ་ལ་དགའ་ཞེན་དགོས་པ་དང་། རྒྱ་ནག་གི་རྒྱལ་དར་ཁང་པའི་སྟེང་བསྒྲེངས་དགོས་པའི་བཙན་བཀའ་བཏང་བ་དང་བསམ་བློའི་སློབ་གསོ་རྒྱག་སྐབས། མོ་བ་གྲོང་ཚོའི་གྲོང་མི་རྣམས་ཀྱིས་མི་འདོད་པའི་རྣམ་འགྱུར་བསྟན་པ་མ་ཟད། དར་དམར་ཚང་མ་ཆུ་ལ་གཡུག་འདུག སྲིད་གཞུང་ནས་ཉེན་རྟོག་པ་དང་དམག་འབོར་ཆེན་བཏང་བར་མང་ཚོགས་དང་དམག་མིའི་བར་གདོང་ཐུག་བྱུང་ནས་དུས་ཡུན་ཆུ་ཚོད་གསུམ་རིང་། ཕན་ཚུན་རྡོ་རྒྱག་རེས་བྱས་བ་སོགས་གདོང་ཐུག་བྱུང་སྐབས་མོ་བ་གྲོང་ཚོའི་གཡས་གཡོན་གྱི་མང་ཚོགས་བཞི་བཅུ་ཐམ་པ་འཛིན་བཟུང་བྱས་ཡོད་འདུག
ཚེས་༢༨ དགོང་མོའི་ཆུ་ཚོད་༧ ཙམ་ནས་རྫོང་སྲིད་གཞུང་གི་སྒོ་འགྲམ་ལ་མང་ཚོགས་༡༠༠༠ ལྷག་ཙམ་གྱིས་ཆུ་ཚོད་ཉེར་བཞིའི་རིང་ཉལ་ནས་ཟས་བཅད་ཞི་རྒོལ་གྱི་ལས་འགུལ་སྤེལ་བ་དང་། དེའི་མཚན་མོ་རང་ལ་རང་སྐྱོང་ལྗོངས་ཀྱི་དབུ་ཁྲིད་ཝུ་དབྱིང་ཅིས་དང་ས་གནས་དབུ་ཁྲིད་རྡོ་ཐོགས་བཅས་སླེབས་ནས་འཛིན་བཟུང་བྱས་པའི་མི་སྣ་བཞི་བཅུ་དེ་གློད་གྲོལ་བཏང་ཡོད་འདུག་ཀྱང་། མི་སྣ་༤༠ དེ་དག་གི་མགོ་ལུས་ཡོངས་རྫོགས་ལ་ལྕགས་དབྱུག་གཞུས་ནས་རྨས་སྐྱོན་ཚབས་ཆེན་བཏང་ཡོད་པ་དང་། མར་གཏོང་སྐབས་པར་མང་པོ་བརྒྱབ་པ་མ་ཟད། ལག་རིས་སོགས་ཀྱང་པར་བརྒྱབ་ནས་གློད་གྲོལ་བཏང་ཡོད་འདུག
ཡང་གནས་ཚུལ་ཡོང་ཁུངས་གཞན་ལྟར་ན། ཟླ་༡༠ ཚེས་༡ ཉིན་བོད་རང་སྐྱོང་ལྗོངས་དང་། གཞིས་རྩེ། ལྷོ་ཁ་བཅས་ནས་རྒྱ་ནག་གི་དམག་མི་མང་པོ་འབྲི་རུར་འབྱོར་ནས། དམག་མི་དང་ཉེན་རྟོག་པ་ཚོས་གྲོང་ཚོ་ཚང་མར་དམ་དྲག་དང་། གྲོང་ཚོ་ཡར་མར་ལ་འབྲེལ་ལམ་བཅད་པ་དང་། འགྲུལ་ལམ་ཚང་མ་བཀག་ཐོག གནས་འཕྲིན་དྲ་ལམ་སོགས་ཀྱང་བཀག་ནས་དམ་དྲག་ཆེན་པོ་བྱེད་བཞིན་ཡིན་འདུག