ཨ་རིའི་གྲོང་ཁྱེར་ནིའུ་ཡོག་ལ་བོད་པའི་རིག་གཞུང་གི་འགྲེམས་སྟོན།
2009.10.10
༄༅༎བོད་མི་ཚོ་བཙན་བྱོལ་ལ་འབྱོར་ནས་ལོ་ངོ་ལྔ་བཅུ་འཁོར་བའི་དུས་དྲན་སྲུང་བརྩི་ཞུ་ཆེད་དེ་རིང་ཨ་རིའི་གྲོང་ཁྱེར་ནིའུ་ཡོག་ནང་བོད་མི་ཚོས་རིག་གཞུང་འཁྲབ་སྟོན་གནང་བཞིན་དུ་རུ་སྒྲིག་ཁྲོམ་སྐོར་གནང་ཡོད་པ་རེད།
གྲོང་ཁྱེར་ནིའུ་ཡོག་དང་ནིའུ་ཇར་སི་ས་གནས་བོད་རིགས་ལྷན་ཚོགས་ཀྱི་གོ་སྒྲིག་གནང་བའི་བོད་པའི་རིག་གཞུང་འགྲེམས་སྟོན་གྱི་རུ་སྒྲིག་ཁྲོམ་སྐོར་དེ་བཞིན་སྔ་དྲོ་ཆུ་ཚོད་བཅུ་གཅིག་ནས་དང་པོ་དང་ཕྱེད་ཀའི་བར་གྲོང་ཁྱེར་ནིའུ་ཡོག་ནང་གི་འཛམ་གླིང་མཉམ་འབྲེལ་རྒྱལ་ཚོགས་ཀྱི་ལས་ཁང་མདུན་གནང་བ་དང་ཆུ་ཚོད་དང་པོ་དང་ཕྱེད་ཀ་ནས་གསུམ་དང་ཕྱེད་ཀའི་བར་མཉམ་འབྲེལ་རྒྱལ་ཚོགས་ནས་གྲོང་ཁྱེར་གྱི་དབུས་མི་ཚོགས་ཆེན་པོ་འདུས་པའི་ཀྲའེམ་སེ་སུ་ཁུ་ལྦེར་བར་རུ་སྒྲིག་ཁྲོམ་སྐོར་གནང་བ་དང་གསུམ་དང་ཕྱེད་ཀ་ནས་ཆུ་ཚོད་ལྔ་པའི་བར་ཀྲའེམ་སེ་སུ་ཁུ་ལྦེར་མདུན་བོད་པའི་ཡུལ་ལུང་འདྲ་མིན་གྱི་གཞས་སྣ་འཁྲབ་སྟོན་གནང་ཡོད་འདུག
འཛམ་གླིང་མཉམ་འབྲེལ་རྒྱལ་ཚོགས་ཀྱི་ལས་ཁང་མདུན་ནས་ཀྲའེམ་སེ་སུ་ཁུ་ལྦེར་བར་རུ་སྒྲིག་ཁྲོམ་སྐོར་གནང་རྒྱུའི་ལས་འཆར་དེ་ཐོག་མར་བོད་པའི་དགེ་འདུན་པ་ཁག་ཅིག་གིས་གསོལ་འདེབས་སྨོན་ལམ་གསུང་འདོན་གནང་བའི་ཐོག་ནས་དབུ་འཛུགས་གནང་བ་དང་དེ་ནས་རིམ་བཞིན་གྲོང་ཁྱེར་ནིའུ་ཡོག་དང་ནིའུ་ཇར་སི་ས་གནས་བོད་ཕྲུག་ཚོས་བོད་ཀྱི་ཡུལ་ལུང་འདྲ་མིན་གྱི་ཆས་གོས་གྱོན་ནས་རིག་གཞུང་འཁྲབ་སྟོན་གཟིགས་འབུལ་ཞུས་པ་དང་རུ་སྒྲིག་ཁྲོམ་སྐོར་དེའི་ནང་ཨ་རིའི་ས་གནས་གཞན་པའི་བོད་རིགས་སྤྱི་མཐུན་ཚོགས་པའི་སྐུ་ཚབ་ཀྱང་མཉམ་ཞུགས་གནང་འདུག།