བལ་ཡུལ་གྱི་རྩ་ཁྲིམས་ལ་བསྒྱུར་བཅོས་ཐད་མོས་མཐུན་ཡོང་གི་མེད་པ།
2008.06.22
༄༅༎བལ་ཡུལ་ནང་ཆབ་སྲིད་ཀྱི་ཚོགས་པ་བདུན་དབར་བར་བརྒལ་གྱི་རྩ་ཁྲིམས་ལ་འགྱུར་བཅོས་ཐེངས་ལྔ་པ་གཏོང་ཕྱོགས་ཐད་མོས་མཐུན་ཡོང་གི་མེད་པའི་གནས་ཚུལ་ཐོན་འདུག
རེས་གཟའ་སྤེན་པའི་ཉིན་ཚོགས་པ་བདུན་གྱི་དབུ་ཁྲིད་རྣམས་སྲིད་བློན་ གིར་ཇ་པར་སཐ་མཆོག་གི་གཟིམ་ཤག་ཏུ་ཚོགས་འདུ་གནང་སྐབས་ ད་ལྟའི་ཆབ་སྲིད་ཀྱི་དཀའ་རྙོག་སེལ་ཕྱོགས་ཐད་སྲིད་བློན་སྐུ་ཉིད་ཀྱིས་འགོག་རྐྱེན་སྤྲོད་རྩིས་མེད་པ་མ་ཟད་ ཚོགས་འདུའི་སྐབས་སྲིད་བློན་གྱིས་དབང་ཆའི་འཐབ་རྩོད་སྐོར་གླེང་སློང་ཙམ་གནང་མེད་ལུགས་ ཇ་ཎ་མོར་ཅ་ ཞེས་པའི་ཚོགས་པའི་དབུ་ཁྲིད་ པོག་རེལ་ གྱིས་གསར་འགོད་པར་འགྲེལ་བརྗོད་གནང་འདུག
ཀོང་གེརེསི་ཚོགས་པའི་དབུ་ཁྲིད་ པ་ར་ཀེཤ་ཤ་རན་ གྱིས་རྒྱལ་དོན་སྲུང་སྐྱོབ་ལྷན་ཁང་ནང་ཕྱོགས་འགལ་ཚོགས་པ་ཁག་གི་སྐུ་ཚབ་བསྐོ་བཞག་གནང་ཕྱོགས་ཐད་བཀའ་བསྡུར་གནང་མུས་ཡིན་ལུགས་གསར་འགོད་པར་འགྲེལ་བརྗོད་གནང་འདུག ཀོང་གེརེསི་ཚོགས་པས་ གལ་སྲིད་དམར་ཤོག་ཚོགས་པ་གཉིས་ཀྱིས་གཞུང་འཛིན་གནང་རྒྱུའི་མོས་མཐུན་གནང་བ་ཡིན་ན་ ཀོང་གེརེསི་ཚོགས་པ་ཕྱོགས་འགལ་ཚོགས་པ་གནང་རྒྱུར་གྲ་སྒྲིག་ཡོད་ལུགས་ཚོགས་པའི་དབུ་ཁྲིད་ མ་ཧཏེ་ ཡིས་གསུངས་ཡོད་འདུག
ཕྱི་ཟླ་བཞི་པའི་རྒྱལ་ཡོངས་འོས་བསྡུའི་སྐབས་མའོ་གྱེན་ལོག་དམར་ཤོག་ཚོགས་པར་གྲོས་ཚོགས་ཞབས་སྟེགས་༢༢༠ཐོབ་ཡོད་པ་དེ་ནི་ ཀོང་གེརེསི་དང་ སི་པི་ཨེན་ཚོགས་པ་གཉིས་ཀ་ལས་རྒྱལ་ཁ་ཆེ་བ་ཐོབ་ཡོད་རེད་ འོན་ཀྱང་ཚོགས་པ་དེས་ད་ལྟའི་སྐབས་སྲིད་འཛིན་གྱི་འོས་གཞིའི་ཐད་ཐག་གཅོད་གནང་ཐུབ་མེད་ལུགས་ཚོགས་པའི་དབུ་ཁྲིད་ མོ་ཧན་སྦཌི་ཡ་ ཡིས་གསུངས་གནང་འདུག།