བལ་བོད་ས་མཚམས་སུ་ཆུ་ལོག་ཀྱི་དཀའ་ངལ།
2018.09.04
བལ་བོད་ས་མཚམས་སྐྱིད་གྲོང་ཁུལ་དུ་ཆུ་ལོག་གི་རྐྱེན་པས་གཞུང་ལམ་ལ་གནོད་སྐྱོན་ཐེབས་པར་བརྟེན་བཅའ་དངོས་དབོར་འདྲེན་ལ་སོགས་པའི་ཚོང་འབྲེལ་གྱི་ལས་དོན་ལ་དཀའ་ངལ་ཅི་ཆེ་འཕྲད་བཞིན་ཡོད་འདུག ཟླ་བ་སྔོན་མའི་ཟླ་མཇུག་ཙམ་ལ་སྐྱིད་གྲོང་ཁུལ་དུ་དྲག་ཆར་ཆུ་ལོག་གི་རྐྱེན་པས་གཞུང་ལམ་ཆད་པའི་གནས་ཚུལ་བྱུང་བ་ནས་བཟུང་ ད་བར་དུ་སྣུམ་འཁོར་འགྲོ་འོང་སོགས་བྱེད་མ་ཐུབ་པར་ལྷག་ཡོད་པ་དང་། རྒྱུ་མཚན་དེ་ལ་བརྟེན་ནས་ཚོང་པ་ཚོར་བཅའ་དངོས་དབོར་འདྲེན་བྱ་རྒྱུར་དཀའ་ངལ་ཆེན་པོ་འཕྲད་བཞིན་ཡོད་འདུག་པ་དཔེར་ན་བལ་ཡུལ་གྱི་མཆོད་རྟེན་བྱ་རུང་ཁ་ཤོར་གྱི་མཐའ་འཁོར་ལ་ལོ་མང་རིང་ཚོང་ཁང་གཉེར་མཁན་བེུད་ཅིག་གིས་ཁོ་མོའི་ཚོང་ཁང་ནང་། རྒྱ་ནག་གིས་བཟོས་པའི་སྟབས་བདེའི་བཟས་རིགས་སྣ་ཚོགས་དང་བཅའ་དངོས་ཚོང་འགྲེམས་བྱེད་བཞིན་ཡོད་ཀྱང་འདས་པའི་བདུན་ཕྲག་གཉིས་ལྷག་ཙམ་རིང་སྐྱིད་གྲོང་ཁུལ་ཆུ་ལོག་གིས་གཞུང་ལམ་ཆད་པའི་རྗེས་ས་མཚམས་རྒྱུད་སྣུམ་འཁོར་འགྲོ་འོང་ཆད་དེ་ད་ཆ་མི་གླས་དེ་དངོས་ཟོག་དབོར་འདྲེན་བྱེད་དགོས་སྟབས་འགྲོ་སོང་ཆེ་བ་དང་དུས་ཚོད་འགོར་འགྱང་ཆེ་བའི་གནས་སྟངས་སུ་གྱུར་ཡོད་པ་འདི་ག་རླུང་འཕྲིན་ཁང་དུ་འགྲེལ་བརྗོད་གནང་ཡོད་པ་རེད། ཡང་བལ་བོད་ས་མཚམས་ཁུལ་དུ་ཚོང་ལས་གཉེར་མཁན་བསྟན་འཛིན་ཞུ་བས་གསུངས་ན། ཆུ་ལོག་གི་རྐྱེན་པས་གཞུང་ལམ་ལ་གནོད་སྐྱོན་ཐེབས་པའི་རྗེས་ རྒྱ་ནག་ཕྱོགས་ནས་སྐྱིད་གྲོང་ཁུལ་གྱི་གཞུང་ལམ་དེ་ཉིན་གྲངས་འགའ་ཤས་ནང་ཚུད་དུ་བསྐྱར་གསོ་བྱས་ཟིན་ཀྱང་བལ་ཡུལ་ཕྱོགས་ཀྱི་གཞུང་ལམ་དེ་ད་ལྟའང་སྐྱར་གསོ་བྱ་མུས་ཡིན་སྟབས་དངོས་ཟོག་སྐྱེལ་འདྲེན་གྱི་སྣུམ་འཁོར་ཆེ་གྲས་རིགས་འགྲོ་འོང་ཐུབ་ས་མེད་པར་ལུས་པའི་སྐོར་བཤད་འགྲེལ་བྱས་ཡོད་འདུག།
གསར་འགོད་པ་ཀུན་བཟང་བསྟན་འཛིན་དང་། དོན་གྲུབ་རྣམ་རྒྱལ།