བལ་ཡུལ་གྱི་དམག་མི་༡༧༥དམག་ཁོངས་ནས་ཕྱིར་བུད་བཏང་བ།
2008.12.18
༄༅༎དེ་སྔ་བལ་ཡུལ་ནང་མའོ་གྱེན་ལངས་ཤོག་ཁག་གི་གྱེན་ལངས་ལ་རྐྱེན་པས་དྲག་ཟིང་གི་དུས་ཚོད་སྐབས་བལ་པོའི་མི་མང་ཚོའི་འགྲོ་བ་མིའི་ཐོབ་ཐང་ལ་བརྩི་མེད་བཏང་བའི་དོན་རྐྱེན་འོག་ཁ་ས་བལ་ཡུལ་གྱི་དམག་དོན་ལས་དོན་ཁང་ནས་བལ་པོའི་དམག་མི་གྲངས་༡༧༥དམག་མི་ནས་རྩ་དགོངས་བཏང་བ་དང་ཡང་ན་གོ་གནས་བཅག་ཡོད་པའི་གསལ་བསྒྲགས་བྱས་འདུག
བལ་ཡུལ་རྐང་དམག་སྒྲིག་འཛུགས་ཀྱི་མགྲིན་ཚབ་པ་དམག་སྤྱི་ར་མིན་རྡར་ཆེ་ཏྲི་ཞུ་བས་བལ་ཡུལ་གྱི་དམག་མིས་འགྲོ་བ་མིའི་ཐོབ་ཐང་ལ་བརྡལ་བཤིག་བཏང་བའི་སྐྱོན་འཛུགས་དེ་དུས་ཚོད་གང་ཙམ་རིང་ནས་ང་ཚོར་གནས་ཚུལ་ངོ་སྤྲོད་བྱུང་དེར་བརྟེན་དེ་རིང་ནག་ཉེས་ཅན་གྱི་དམག་མི་ཕྱིར་འབུད་གཏོང་རྒྱུ་དེ་ང་ཚོའི་ངོས་ནས་བལ་ཡུལ་ནང་མང་ཚོགས་ཀྱི་འགྲོ་བ་མིའི་ཐོབ་ཐང་ལ་བརྩི་སྲུང་ཞུ་གི་ཡོད་པ་དང་བལ་ཡུལ་གྱི་དྲག་པོའི་སྒྲིག་འཛུགས་ནང་དེ་ལྟ་བུའི་བྱ་སྤྱོད་ལ་བཟོད་བསྲན་ཅི་ནས་མི་བྱེད་པའི་རྣམ་པ་གསལ་འདོན་བྱེད་རྒྱུ་ཡིན་ཞེས་འགྲེལ་བརྗོད་བྱས་འདུག བལ་ཡུལ་གྱི་དཔུང་དམག་མགྲིན་ཚབ་པས་བརྗོད་ན་དམག་མི་གྲངས་༡༧༥ནང་ནས་མང་པོ་ཞིག་དམག་མི་ནས་རྩ་དགོངས་བཏང་བ་དང་འགའ་ཤས་ཀྱི་གོ་གནས་བཅག་ཡོད་པ་དང་གོ་གནས་བཅག་པའི་དམག་མི་དེ་དག་རྒྱལ་ཚོགས་ཀྱི་ཞི་བདེ་སྲུང་དམག་ནང་མཉམ་བཞུགས་ཆོག་རྒྱུ་མིན་པའི་སྐོར་འགྲེལ་བརྗོད་བྱས་འདུག དེ་སྔ་༢༠༠༡ནས་༢༠༠༣བར་བལ་ཡུལ་ལྷོ་ཕྱོགས་ཀྱི་རྫོང་ཁོངས་ཤིག་ནང་བལ་ཡུལ་གྱི་དམག་མིས་མའོ་གྱེན་ལོག་ཤོག་ཁག་གི་ཚོགས་མི་ཡིན་པའི་དོགས་གཞིའི་འོག་ས་གནས་ཀྱི་ཡུལ་མི་ཉིས་བརྒྱ་སྐོར་ཞིག་དོ་དམ་འཛིན་བཟུང་བྱས་སྟེ་གར་སོང་ཆ་མེད་དུ་གྱུར་ཡོད་བའི་གནས་ཚུལ་དང་དེ་བཞིན་མའོ་གྱེན་ལོག་མི་སྣར་བལ་ཡུལ་གྱི་དམག་མི་ཚོས་གདུག་རྩུབ་མནར་གཅོད་དང་ལྐོག་བསད་བྱས་པའི་གནད་དོན་སྐོར་དེ་རིང་མཉམ་འབྲེལ་རྒྱལ་ཚོགས་ནས་སྙན་ཐོ་འདོན་སྤེལ་གནང་རྒྱུ་ཡིན་པ་རེད། བལ་ཡུལ་གཞུང་གིས་ད་རེས་དམག་མི་རྩ་དགོངས་བཏང་བའི་གསལ་བསྒྲགས་གནང་བ་དེ་བཞིན་རྒྱལ་ཚོགས་ཀྱི་སྙན་ཐོ་འདོན་སྤེལ་མ་གནང་གོང་སྟབས་བསྟུན་གསལ་བསྒྲགས་བྱས་པ་ཡིན་པའི་གནས་ཚུལ་ཐོན་འདུག