བལ་ཡུལ་གྱི་གཞུང་འཛིན་གསར་པས་རྒྱ་ནག་ལ་དངུལ་བུན་མཇལ་མ་དགོས་པ་བཟོ་རྒྱུའི་རེ་སྐུལ་བྱེད་འདུག
རྒྱ་ནག་གིས་འགྲོ་སོང་ཨ་སྒོར་ས་ཡ་༢༡༦་བཏང་སྟེ་བལ་ཡུལ་གྱི་གྲོང་ཁྱེར་ཆེ་ཤོས་ཤིག་ཡིན་པ་པོག་རའི་ནང་རྒྱལ་སྤྱིའི་གནམ་ཐང་གསར་རྒྱག་བྱས་པ་དེ་བཞིན་སྔ་ལོ་དབུ་འབྱེད་གནང་སྟབས་དེ་ཡིས་འཛམ་གླིང་ནང་ནས་དབུལ་ཞིང་འཕོང་པའི་རྒྱལ་ཁབ་གྲས་ཤིག་ཡིན་པ་བལ་ཡུལ་གྱི་དཔལ་འབྱོར་ཡར་རྒྱས་ཡོང་བའི་རེ་བ་བྱས་ཡོད་རུང་། པོག་རའི་གནམ་ཐང་གསར་པ་དེ་ནི་མངོན་གསལ་མེད་པར་དཀའ་རྙོག་མང་པོ་བྱུང་དང་བྱུང་བཞིན་པའི་རྒྱ་ནག་གིས་རྒྱལ་སྤྱིའི་ནང་རྨང་གཞིའི་འཛུགས་བསྐྲུན་གྱི་ལས་གཞི་སྤེལ་བ་དེ་དག་ཆེད་འགྲོ་སོང་འཕོན་ཆེ་བཏང་ཡང་ཨར་ལས་ཀྱི་རྒྱུ་ཆ་སོགས་སྐྱོ་པོ་བཏང་བའི་རྐྱེན་གྱིས་རྒྱ་ནག་གི་འཛུགས་བསྐྲུན་ལས་གཞི་བརྩམས་སའི་ཡུལ་གྲུ་ཁག་བུ་ལོན་ནང་ལྷུངས་སུ་འཇུག་གི་ཡོད་པའི་ངོ་རྒོལ་སྐྱོན་བརྗོད་བྱེད་སའི་དཔེ་མཚོན་གཞན་ཞིག་ཏུ་འགྱུར་ཡོད་པ་རེད་ཅེས་ཨ་རིའི་ནུའུ་ཡོག་གསར་ཤོག་ཐོག་ཕྱི་ཚེས་༢༣ཉིན་གནས་ཚུལ་སྤེལ་འདུག
བལ་ཡུལ་གྱི་ཟླ་བ་གཅིག་ལས་མ་ཕྱིན་པ་དང་རྒྱ་ནག་དང་འབྲེལ་བ་དམ་གཟབ་ཡོད་པའི་ཡུལ་དེའི་དམར་ཤོག་ཚོགས་པ་ཆེ་ཤོས་དེས་དབུ་ཁྲིད་པའི་གཞུང་འཛིན་གསར་པས་རེས་གཟའ་ཕུར་བུའི་ཉིན་སྟེ་འདི་ཟླའི་ཚེས་༢༢་ཉིན་བལ་ཡུལ་གྱིས་རྒྱ་ནག་ལ་ཨ་སྒོར་ས་ཡ་༢༡༦་བུ་ལོན་སྤྲོད་དགོས་ཀྱང་བུ་ལོན་མཇལ་མ་ཐུབ་པ་དེ་རོགས་དངུལ་ལ་འགྱུར་བཏང་སྟེ་བུ་ལོན་དེ་བཞིན་ཤུལ་མེད་བཟོ་དགོས་པའི་གཞུང་འབྲེལ་སྒོ་ནས་འབོད་སྐུལ་གནང་འདུག་ གཞུང་འབྲེལ་འབོད་སྐུལ་དེ་ཡང་རྒྱ་ནག་གི་ཕྱི་སྲིད་བློན་གཞོན་པ་Sun Weidong ཐེ་བའི་རྒྱ་ནག་གི་སྐུ་ཚབ་ཚོགས་ཆུང་ཞིག་བལ་ཡུལ་ནང་གཟིགས་སྐོར་ལ་ཡོང་སྐབས་ཞུས་འདུག་་ པོག་རའི་རྒྱལ་སྤྱིའི་གནམ་ཐང་ལ་དཀའ་ངལ་མང་པོ་འཕྲད་བཞིན་ཡོད་ཅིང་་ཕྱི་ལོ་༢༠༢༣་ལོའི་ཕྱི་ཟླ་དང་པོའི་ནང་གནམ་ཐང་དེ་དབུ་འབྱེད་བྱས་པའི་བདུན་ཕྲག་འགའ་ཤས་ཀྱི་རྗེས་སུ་གྲོང་ཁྱེར་དེའི་ཕྱོགས་སུ་བལ་ཡུལ་གྱི་གནམ་གྲུ་འཕུར་བསྐྱོད་བྱས་པ་ཞིག་བྲག་རོང་ནང་ལྷུང་སྟེ་འགྲུལ་པ་མི་གྲངས་༧༢་རྐྱེན་ལམ་དུ་ཕྱིན་པའི་རྐྱེན་གྱིས་རྒྱལ་སྤྱིའི་གནམ་གྲུ་རྒྱུན་དུ་འཕུར་བསྐྱོད་བྱ་འགྱུར་མི་བཀུག་མ་ཐུབ་པར་བརྟེན་ནས་ལས་གཞི་དེ་ནས་དཔལ་འབྱོར་ཡར་རྒྱས་ཡོང་བའི་རེ་བ་ཆུང་དུ་ཕྱིན་ཡོད་།དེ་མ་ཟད་འདས་པའི་ལོ་གཅིག་རིང་བལ་ཡུལ་གྱི་ལྐོག་ཟ་རུལ་སུངས་འགོག་ཐབས་ལས་ཁང་དང་བལ་ཡུལ་གྱི་གྲོས་ཚོགས་ཀྱི་ཚོགས་ཆུང་ཞིག་གིས་རྒྱལ་སྤྱིའི་གནམ་ཐང་གསར་རྒྱག་བྱས་པ་དེའི་ཐོག་ཞིབ་དཔྱོད་བྱེད་འགོ་བཙུགས་པར་རྒྱ་ནག་གི་ཨར་ལས་ཁེ་གཉེར་ལས་ཁང་Sinomach ཟེར་བས་ལས་གཞི་དེའི་ཆེད་འགྲོ་སོང་གཏོང་རྒྱུའི་གོང་ཚད་ཧ་ཅང་ཆེན་པོ་སྤར་ཆ་བྱས་ནས་བལ་ཡུལ་གྱིས་ཨར་ལས་ཀྱི་ཡོ་ཆས་ཀྱི་སྤུས་ཀ་ཡག་པོ་བཏང་བའི་འབད་བརྩོན་བྱས་པ་ཁག་ལ་སྣང་མེད་བཏང་སྐོར་སྔ་ལོ་ཨ་རིའི་The New York Times ཞེས་པའི་ཚགས་པར་གྱིས་གནས་ཚུལ་སྤེལ་ཡོད་པ་རེད་།བལ་ཡུལ་ནང་གནམ་ཐང་གསར་རྒྱག་ལས་གཞི་དེ་ནི་རྒྱ་ནག་གི་སྲིད་འཛིན་ཞི་ཅིན་ཕིང་གིས་བརྒྱུད་གཅིག་ལམ་གཅིག་ཟེར་བའི་ལས་གཞིའི་འོག་རྒྱལ་སྤྱིའི་ནང་རྨང་གཞིའི་འཛུགས་བསྐྲུན་ལས་གཞི་སྤེལ་བཞིན་པའི་ཆ་ཤས་ཤིག་ཡིན་འདུག་ བལ་ཡུལ་གྱི་ཕྱི་སྲིད་བློན་ཆེན་གཞོན་པ་དང་དཔལ་འབྱོར་བློན་ཆེན་གཅིག་ལྕོགས་ཡིན་པ་Bishnu Prasad Paudel ལགས་ཀྱིས་རྒྱ་ནག་གཞུང་ལ་གོང་ཞུས་བུན་མཇལ་མ་དགོས་པའི་འབོད་སྐུལ་གནང་བ་དེ་འགྲུབ་པའི་རེ་བ་ཡོད་ལུགས་གསུངས་པ་ལས་ཞིབ་ཕྲ་གང་ཡང་གསུངས་མིན་འདུག
གསར་འགོད་པ། སེངྒེ་རི་བསོད་ནམས་ལྷ་མོ།
རྩོམ་སྒྲིག་པ། རྡོ་རྗེ་དགྲ་འདུལ།
དྲྭ་ཐོག་སྤེལ་མཁན། ནོར་སྡེ་སྒྲོལ་མ།