བལ་ཡུལ་དུ་བོད་མི་ལས་འགུལ་བ་འཛིན་བཟུང༌།
2009.07.14
༄༅༎བལ་ཡུལ་ནང་གི་བོད་མི་ཚོས་བལ་ཡུལ་གྱི་རྒྱལ་ས་ཀ་ཐ་མན་དྲུའི་ནང་དུ་ཡོད་པའི་འཛམ་གླིང་མཉམ་འབྲེལ་རྒྱལ་ཚོགས་ཀྱི་ལས་ཁུངས་མདུན་དུ་བོད་ཀྱི་གནད་དོན་ཐོག་དྲང་བདེན་གྱི་རྒྱབ་སྐྱོར་གནང་རོགས་ཞེས་ལས་འགུལ་སྤེལ་བར་བལ་པོའི་ཉེན་རྟོག་པས་བོད་མི་འཛིན་བཟུང་བྱས་ཡོད་པའི་སྐོར་དེ་རིང་རྒྱལ་ས་ཀ་ཐ་མན་དྲུ་ནས་ཨེ་པི་གསར་འགྱུར་ལས་ཁང་གིས་གནས་ཚུལ་སྤེལ་ཡོད་པ་རེད།
བལ་ཡུལ་ནང་དུ་གནས་སྡོད་བཙན་བྱོལ་བོད་མི་ཚོས་འདས་པའི་ལོ་གཅིག་རིང་ལྷག་དེའི་རིང་ལ་བལ་ཡུལ་ནང་དུ་ཡོད་པའི་རྒྱ་ནག་གཞུང་ཚབ་ཁང་དང་འཛམ་གླིང་མཉམ་འབྲེལ་རྒྱལ་ཚོགས་ཀྱི་ལས་ཁུངས་མདུན་སོགས་ལ་བོད་ནང་རྒྱ་ནག་གཞུང་གིས་དྲག་གནོན་བྱ་སྤྱོད་མཚམས་འཇོག་ཡོང་ཐབས་དང་བོད་མི་གང་བྱུང་དུ་དམར་གསོད་གཏོང་བའི་བྱ་སྤྱོད་མཚམས་འཇོག་བྱ་དགོས་པའི་དགོས་འདུན་བཏོན་པའི་ངོ་རྒོལ་ལས་འགུལ་རིམ་པ་སྤེལ་བར་བརྟེན་བལ་ཡུལ་གཞུང་ཕྱོགས་ནས་གཟའ་འཁོར་སྔོན་མ་དེར་བསྐྱར་དུ་ཉེན་བརྡའི་གསལ་བསྒྲགས་གསར་པ་ཞིག་འགྲེམས་སྤེལ་བྱས་ཏེ་བལ་ཡུལ་གྱི་ས་ཐོག་ཏུ་རྒྱ་ནག་གཞུང་ལ་ངོ་རྒོལ་གྱི་ལས་འགུལ་རིགས་རྩ་བ་ནས་སྤེལ་ཆོག་རྒྱུ་མིན་པ་དང་གལ་ཏེ་ལས་འགུལ་རིགས་སྤེལ་བ་ཡིན་ཚེ་བཙོན་འཇུག་བྱ་རྒྱུ་ཡིན་ཞེས་པའི་ཉེན་བརྡ་བཏང་ཡོད་པ་རེད། ཡིན་ནའང་བོད་མི་ཚོའི་ངོས་ནས་བལ་ཡུལ་གཞུང་གི་ཉེན་བརྡའི་འཇིགས་སྐུལ་ཇི་ཙམ་བྱས་ཀྱང་བོད་ནང་དུ་བཞུགས་པའི་བོད་རིགས་སྤུན་ཟླ་རྣམས་རྒྱ་ནག་གཞུང་གིས་དྲག་གནོན་འོག་དཀའ་སྡུག་དང་མནར་གཅོད།དམར་གསོད་སོགས་མི་ཆོས་ལས་འདས་པའི་གདུག་རྩུབ་མྱོང་བཞིན་ཡོད་པ་དེ་མཚམས་འཇོག་ཡོང་ཐབས་སུ་དེ་རིང་སླར་ཡང་རྒྱལ་ས་ཀ་ཐ་མན་དྲུའི་ནང་དུ་ཡོད་པའི་འཛམ་གླིང་མཉམ་འབྲེལ་རྒྱལ་ཚོགས་ཀྱིས་མདུན་དུ་འདུ་འཛོམས་ཀྱིས་བོད་རང་བཙན་ཡིན།བོད་ནང་མི་གསོད་ཀྱི་བྱ་སྤྱོད་མཚམས་འཇོག་བྱ་དགོས།འཛམ་གླིང་མཉམ་འབྲེལ་རྒྱལ་ཚོགས་ཀྱིས་བོད་ནང་གི་ཡ་ང་བའི་གནས་སྟངས་ལ་དེ་མུར་གོ་རྒྱུ་ཚོར་རྒྱུར་མེད་པར་མ་བཞུགས་པར་རྨོང་གཉིད་ལས་བསད་དགོས་ཞེས་པའི་འབོད་ཚིག་སྣ་ཚོགས་སྒྲོག་པའི་སྐབས་ཉེན་རྟོག་པས་ངོ་རྒོལ་ལས་འགུལ་དེ་འཕྲལ་དུ་མཚམས་འཇོག་བྱེད་དུ་བཅུག་ཀྱང་བོད་མི་བཅུ་གྲངས་གཉིས་ཙམ་གྱིས་ངོ་རྒོལ་བྱེད་ཡུལ་གྱི་ས་ཆ་ནས་ཁ་མ་བྲལ་བར་མུ་མཐུད་སྐད་འབོད་སྐྱོན་ཏེ་བཞུགས་པར་བརྟེན་ཁོང་རྣམས་ཉེན་རྟོག་པས་བཙན་དབང་གི་སྒོ་ནས་མོ་ཊའི་ནང་བླུགས་ཏེ་དོ་དམ་བཀག་ཉར་ཁང་དུ་ཁྲིད་ཡོད་པ་རེད།