བལ་ཡུལ་གྱི་སྲིད་བློན་མཆོག་རྒྱ་གར་ལ་ཕེབས་འཆར་ཡོད་པ།
བལ་ཡུལ་ནང་སྣུམ་སོགས་ཆད་པའོ་དཀའ་ངལ་ཤུགས་ཆེན་འཕྲད་བཞིན་པའི་སྐབས་བལ་ཡུལ་གྱི་སྲིད་བློན་གང་མགྱོགས་རྒྱ་གར་ལ་ཕེབས་འཆར་ཡོད་པ།
-
2015-10-21 -
-
-
བལ་ཡུལ་ནང་སྣུམ་སོགས་ཆད་པའོ་དཀའ་ངལ་ཤུགས་ཆེན་འཕྲད་བཞིན་པའི་སྐབས་བལ་ཡུལ་གྱི་སྲིད་བློན་གང་མགྱོགས་རྒྱ་གར་ལ་ཕེབས་འཆར་ཡོད་པ།
དེ་ཡང་བལ་ཡུལ་གྱི་སྲིད་བློན་གསར་པ་(K.P.Sharma Oli)མཆོག་རྒྱ་གར་ལ་འཚམས་གཟིགས་གནང་བར་གང་མགྱོགས་ཕེབས་འཆར་ཡོད་སྐོར་ཁ་ས་ཡུལ་དེའི་ནང་བཅའ་བཞུགས་རྒྱ་གར་གྱི་གཞུང་ཚབ་ཆེན་མོས་གསུངས་འདུག
བལ་ཡུལ་གྱི་Madhesiགྲངས་ཉུང་མི་རིགས་ཚོགས་པས་སྣེ་འཁྲིད་ནས་རྒྱ་གར་དང་བལ་ཡུལ་གཉིས་དབར་གྱི་ཚོང་འབྲེལ་ལམ་བུ་ཆེ་ཁག་བདུན་ཕྲག་གཉིས་ཙམ་རིང་བཀག་འགོག་བྱས་པའི་གནས་ཚུལ་བྱུང་སྟེ། ཡུལ་གྲུ་གཉིས་ཀྱི་འབྲེལ་ལམ་ལ་དོ་ཕོག་བྱུང་བ་དེའི་སྐོར་བཀའ་བསྡུར་གནང་ཕྱིར་བལ་ཡུལ་གྱི་སྲིད་བློན་སྐུ་གཞོན་དང་། ཕྱི་སྲིད་བློན་ཆེན་གཅིག་ལྕོག་ཡིན་པ་Kamal Thapaམཆོག་རྒྱ་གར་ནང་གཞུང་འབྲེལ་གཟིགས་སྐོར་གནང་བའི་ཉིན་གཅིག་གི་རྗེས་སུ་བལ་ཡུལ་ནང་བཅའ་བཞུགས་རྒྱ་གར་གྱི་གཞུང་ཚབ་ཆེན་མོ་Ranjit Raeམཆོག་ནས་Kamal Thapaམཆོག་གིས་རྒྱ་གར་ནང་ཉིན་གྲངས་གསུམ་རིང་གཟིགས་སྐོར་གནང་སྐབས་ བལ་ཡུལ་གྱི་སྲིད་བློན་མཆོག་རྒྱ་གར་ནང་གཟིགས་སྐོར་ལ་ཕེབས་རྒྱུའི་སྐོར་རྒྱ་གར་གྱི་ཕྱི་སྲིད་བློན་ཆེན་ལྕམ་Sushma Swaraj མཆོག་དང་། ནང་སྲིད་བློན་ཆེན་Rajnath Singh མཆོག་གི་ལྷན་དུ་བཀའ་བསྡུར་གནང་བ་དང་། རྒྱ་གར་གྱི་སྲིད་བློན་Narendra Modi མཆོག་ནས་Sharma Oliམཆོག་བལ་ཡུལ་གྱི་སྲིད་བློན་གསར་པ་ཆགས་པར་དགའ་བསུ་ཞུས་པ་དང་། ཆབས་གཅིག་ཁོང་རྒྱ་གར་ལ་གཟིགས་སྐོར་ཕེབས་རྒྱུའི་མགྲོན་བརྡ་ཕུལ་བར་བལ་པོའི་སྲིད་བློན་Sharma Oliམཆོག་གིས་སྤྲོ་སེམས་འཁོལ་བའི་ངང་ནས་མགྲོན་འབོད་ལ་ཞལ་བཞེས་གནང་ན་ཡང་། ད་ལྟའི་འཆར་དུས་ཚེས་གཏན་འཁེལ་བྱུང་མེད་ལུགས་དེ་རིང་གསར་འགོད་པ་ཚོར་གསུངས་འདུག
བལ་ཡུལ་ལྷོ་ཕྱོགས་ཀྱི་Madhesiམི་རིགས་ཚོགས་པས་གཞུང་ལ་ངོ་རྒོལ་རྔམ་སྟོན་བྱས་ཏེ་རྒྱ་གར་ནས་བལ་ཡུལ་ནང་འོར་འདྲེན་བྱེད་བཞིན་པ་རྡོ་སྣུམ་གཙོས་པའི་དངོས་ཟོག་བཀག་འགོག་བྱས་པའི་རྐྱེན་གྱིས་བལ་ཡུལ་ནང་སྣུམ་སོགས་མེད་པའི་དཀའ་ངལ་ཤུགས་ཆེན་འཕྲད་བཞིན་པ་དང་། རྒྱ་གར་དང་བལ་ཡུལ་གཉིས་ཀྱི་འབྲེལ་ལམ་ལ་དོ་ཕོག་བྱུང་ཡོད་པ་རེད།
གསར་འགོད་པ་སེང་གེ་རི་བསོད་ནམས་ལྷ་མོ།