བལ་ཡུལ་ནང་ཧིན་རྡུ་དོན་གཉེར་བ་རྐྱེན་ལམ་དུ་བཏང་བ།
2011.10.16
༄༅༎བལ་ཡུལ་གྱི་གཞུང་འཛིན་ཚོགས་པས་བློན་ཆེན་ཞིག་ཧིན་རྡུའི་དོན་གཉེར་བ་ཞིག་རྐྱེན་ལམ་དུ་བཏང་བའི་དོན་རྐྱེན་དང་ལག་འདྲེས་ཡོད་པའི་ཉེས་འཛུགས་འོག་གནས་དབྱུང་གཏོང་རྒྱུ་ཡིན་འདུག༎
དམར་ཤོག་མའོ་ཤོག་ཁ་གིས་སྣེ་ཁྲིད་པའི་གཞུང་འཛིན་གྱིས་ ས་ཞིང་བཅོས་བསྒྱུར་བློན་ཆེན་ པ་ར་བྭུ་ཤའ་ལ་གྲོས་ཚོགས་ནང་སྐྱོན་བརྗོད་ཤུགས་ཆེ་བྱེད་བཞིན་པར་བརྟེན་ཁྲིམས་ཐོག་ནས་བློན་ཆེན་ཤའ་ལ་སྐྱོན་འཛུགས་ཟུག་ཀྱང་ གཞུང་གི་ཞི་འགྲིགས་ཀྱི་ལས་དོན་ལ་འཐུས་ཤོར་འགྲོ་བཞིན་པ་དེ་མ་བཟོད་པའི་རྣམ་པར་ཁོང་ གནས་དབྱུངས་གཏོང་རྒྱུར་ཐག་གཅོད་གནང་ཡོད་ལུགས་མའོ་ཤོག་ཁག་གི་དབུ་ཁྲིད་ པུཤེ་པ་ཀ་མལ་རྡ་ཧལ་གྱིས་ཡིག་ཐོག་གསལ་བསྒྲགས་གནང་ཡོད་པ་ཨེ་པི་གསར་ལས་ཁང་གིས་ལུང་འདྲེན་བྱས་འདུག། ང་ཚོས་བློན་ཆེན་ ཤའ་གནས་དབྱུངས་བྱེད་དགོས་དོན་གཙོ་ནི་ རྒྱལ་ཁབ་ནང་ཞི་འགྲིགས་ཀྱི་ལས་དོན་སྤྱི་དང་ལྷག་དོན་དུ་རྩ་ཁྲིམས་གསར་སྒྲིགས་ཀྱི་ལས་དོན་ལ་བར་ཆད་མི་ཡོང་བའི་ཆེད་དུ་ཡིན་ལུགས་པུཤེ་པ་ ཀ་མལ་རྡ་ཧལ་གྱིས་གསལ་བཤད་གནང་འདུག། སྔ་ལོ་ཕྱི་ཟླ་དྲུག་པའི་ནང་བལ་ཡུལ་ཧིན་རྡུའི་གཞོན་ནུ་ཚོགས་པའི་ཚོགས་གཙོ་ཀ་སི་ནཐ་ཏི་ལྦ་རི་ཡི་ནང་ལ་གདོང་ལ་འབག་གྱོན་པའི་མི་གསུམ་གྱིས་བཙན་རྒོལ་གྱིས་མེ་དམའ་རྒྱག་ནས་བཀྲོངས་པ་རེད། ཞིབ་འཇུག་པ་ཚོས་ད་ལྟའི་བློན་ཆེན་ པ་ར་བྭུ་ཤའ་དོན་རྐྱེན་དེ་དང་ལག་འདྲེས་ཡོད་པའི་ཉེས་འཛུགས་བྱས་ཡོད་ཀྱང་ད་བར་ཁུངས་སྐྱེལ་གསལ་པོ་བྱུང་མེད་པ་མ་ཟད་དོ་བདག་གིས་ཉེས་འཛུགས་ངོས་ལེན་བྱས་མེད་པ་རེད། དེ་ལྟར་ཡང་ད་ཆ་ཁོང་བློན་ཆེན་གྱི་གོ་གནས་ནས་དགོངས་ཞུ་མ་གནང་རང་གནང་ཆགས་ཡོད་ལུགས་སྲིད་བློན་ བྭ་བྭུ་རམ་ སྦ་ཏ་རའེ་མཆོག་གི་མགྲིན་ཚབ་པ་ རམ་རིཇེ་ཧན་ཡ་རྡལྦ་གྱིས་འགྲེལ་བརྗོད་གནང་འདུག༎