རྒྱ་ནག་གཞུང་གིས་ལུམ་བྷི་ནིར་རྒྱལ་སྤྱིའི་ཞི་བདེའི་དུས་སྟོན་ཐེངས་གཉིས་པ་ཟེར་བ་གོ་སྒྲིག་གིས་རྒྱ་ནག་ལ་ཉེ་བའི་ནང་པའི་བླ་ཆེན་དགེ་འདུན་པ་སོགས་བསྡུ་བསྐོང་བྱས་འདུག

2025.03.21
རྒྱ་ནག་གཞུང་གིས་ལུམ་བྷི་ནིར་རྒྱལ་སྤྱིའི་ཞི་བདེའི་དུས་སྟོན་ཐེངས་གཉིས་པ་ཟེར་བ་གོ་སྒྲིག་གིས་རྒྱ་ནག་ལ་ཉེ་བའི་ནང་པའི་བླ་ཆེན་དགེ་འདུན་པ་སོགས་བསྡུ་བསྐོང་བྱས་འདུག ལུམ་བྷི་ནིའི་སྐྱེད་མོའི་ཚལ། ཟླ་ཚེས་མི་གསལ།
Wikipedia

སངས་རྒྱས་བཅོམ་ལྡན་འདས་ཀྱི་འཁྲུངས་ཡུལ་བལ་ཡུལ་ལུམ་བྷི་ནི་རུ་རྒྱ་ནག་གིས་བྱེད་སྒོ་སྤེལ་བཞིན་པ་ནི། རྒྱལ་སྤྱིའི་ནང་པའི་སྤྱི་ཚོགས་ཁྲོད་རྒྱ་ནག་གིས་རིག་གཞུང་ཤུགས་རྐྱེན་སྤེལ་ཏེ། ས་ཁུལ་གྱི་གནད་དོན་ཐོག་རྒྱ་ནག་དེ་བཞིན་ཤུགས་རྐྱེན་ལྡན་པའི་རྒྱལ་ཁབ་ཅིག་ཏུ་བསྒྱུར་རྒྱུའི་དམིགས་ཡུལ་འཆང་གི་ཡོད་པ་གནད་དོན་དབྱེ་ཞིབ་པས་འགྲེལ་བརྗོད་གནང་ཡོད།

དེ་ཡང་ཕྱི་ལོ་ ༢༠༢༥ ཟླ་ ༠༣ ཚེས་ ༢༡ ཉིན་བལ་ཡུལ་རྒྱ་ནག་གཞུང་ཚབ་ཁང་དང་། བལ་ཡུལ་ཡུལ་སྐོར་སྤྲོ་འཆམ་ལས་ཁུངས་ Nepal Tourism Board (NTB) སོགས་ཀྱི་གོ་སྒྲིག་འོག ལུམ་བྷི་ནིར་ལུམ་བྷི་ནི་རྒྱལ་སྤྱིའི་ཞི་བདེའི་དུས་སྟོན་ཐེངས་གཉིས་པ་ཟེར་བ་འགོ་བཙུགས་འདུག་ཅིང་། ལས་གཞི་འདི་ནི་རྒྱ་ནག་གིས་བལ་ཡུལ་དང་ཁྱིམ་མཚེས་རྒྱལ་ཁབ་ཚོར་ཆབ་སྲིད་དང་རིག་གཞུང་གིས་ཤུགས་རྐྱེན་ཆེ་རུ་གཏོང་ཐབས་ཀྱི་འབད་རྩོལ་ཞིག་ཡིན་པ་རེད།

དུས་སྟོན་དེ་ཉིད་ཟླ་ ༥ ཚེས་ ༡༡ བར་ཟླ་གྲངས་གཉིས་ཙམ་རིང་འཚོག་རྒྱུ་ཡིན་པ་དང་། སྐབས་དེར་སྒོམ་སྒྲུབ་དང་། ལུམ་བྷི་ནི་ཞི་བདེའི་ཆེད་རྒྱང་རྒྱུགས་ཐེངས་གསུམ་པ། ཞི་བདེའི་རོལ་དབྱངས་འདུ་འཛོམས། དཔར་རིས་འགྲེམས་སྟོན་སོགས་བྱ་རྒྱུ་རེད་འདུག

འདི་ག་གསར་ཁང་ལ་ལག་སོན་བྱུང་བའི་རྒྱ་ནག་གཞུང་ཚབ་ཁང་གིས་ལུམ་བྷི་ནི་ཡར་རྒྱས་ཐེབས་རྩའི་འགན་འཛིན་གཞོན་པ་ལྷ་རྒྱལ་བླ་མར་བཏང་བའི་ཡིག་འབྲེལ་ནང་། སྔ་ལོའི་ལུམ་བྷི་ནི་ཞི་བདེའི་དུས་སྟོན་ཐེངས་དང་པོ་དེ་ལེགས་གྲུབ་བྱུང་བ་ལྟར། ད་ལོ་སྔར་ལྟར་རྒྱ་ནག་མི་མང་སྤྱི་མཐུན་རྒྱལ་ཁབ་དང་བལ་ཡུལ་གཞུང་བར་གྱི་ཟུང་སྦྲེལ་བསྒྲགས་གཏམ་ལག་བསྟར་དང་། རྒྱལ་ཁབ་གཉིས་བར་རིག་གཞུང་བརྗེ་ལེན་གོང་མཐོར་གཏོང་ཆེད་ཟླ་ ༠༣ པ་ནས་ལུམ་བྷི་ནི་ཞི་བདེའི་དུས་སྟོན་ཐེངས་གཉིས་པ་གོ་སྒྲིག་བྱ་རྒྱུ་ཡིན་པས། ལུམ་བྷི་ནི་ཡར་རྒྱས་ཐེབས་རྩ་ཁང་ཉིད་གོ་སྒྲིག་ཚོགས་མིར་ཞུགས་རྒྱུའི་མགྲོན་འབོད་བྱ་རྒྱུ་ཡིན་ཞེས་དང་། དེ་བཞིན་ཡིག་འབྲེལ་དེའི་ནང་ལུམ་བྷི་ནི་ཡར་རྒྱས་ཐེབས་རྩ་ཁང་ནས་ཚོགས་ཡུལ་ས་གནས་དང་། འགྲིམ་འགྲུལ། དུས་སྟོན་འགོ་འབྱེད་མཛད་སྒོར་གྲྭ་བཙུན་ ༡༠༠ ལྷག་འབོད་འགུག་དགོས་རྒྱུ་མ་ཟད། རྗེས་ཐོགས་མཛད་རིམ་ཁག་ཏུ་ཚོགས་བཅར་བ་གང་མང་འགུག་ཐབས་དགོས་པའི་བཀོད་མངགས་བྱས་འདུག་པའི་ཁར། ལུམ་བྷི་ནི་ཡར་རྒྱས་ཐེབས་རྩ་ནས་དཔལ་འབྱོར་གྱི་མཐུན་རྐྱེན་སྦྱར་ཐུབ་ན་བསྔགས་བརྗོད་བྱ་རྒྱུ་ཡིན་སྐོར་འཁོད་འདུག

གཞི་རྩའི་བལ་ཡུལ་རྒྱ་ནག་གཞུང་ཚབ་ཁང་དང་། བལ་ཡུལ་ཡུལ་སྐོར་སྤྲོ་འཆམ་ལས་ཁུངས། ལུམ་བྷི་ནི་ཡར་རྒྱས་ཐེབས་རྩ་ཁང་། ལུམ་བྷི་ནིའི་མངའ་སྡེའི་རྩེད་རིགས་ལྷན་ཚོགས་བཅས་ཀྱིས་གོ་སྒྲིག་འོག ལུམ་བྷི་ནི་རྒྱལ་སྤྱིའི་ཞི་དེའི་དུས་སྟོན་ཐེངས་དང་པོ་ཕྱི་ལོ་ ༢༠༢༤ ཟླ་ ༠༤ ཚེས་ ༤ དང་ ༦ ཉིན་བསྐོང་ཚོགས་བྱས་ཡོད་པ་དང་། དེ་ནི་གནད་དོན་དབྱེ་ཞིབ་པས་ངོས་འཛིན་བྱེད་བཞིན་པ་ལྟར། རྒྱ་ནག་གཞུང་གིས་ཕྱི་རྒྱལ་དང་ལྷག་པར་ཁྱིམ་མཚེས་རྒྱལ་ཁབ་ཁག་ཏུ་དབང་ཤུགས་རྒྱ་སྐྱེད་གཏོང་ཆེད་ཡིན་པ་རེད། །

གསར་འགོད་པ། རྡོ་རྗེ་སྒྲོལ་མ།

རྩོམ་སྒྲིག་པ། བསྟན་འཛིན་བསྟན་སྐྱོང་། 

དྲྭ་ཐོག་སྤེལ་མཁན། བདེ་སྐྱིད་ཀུན་སྒྲོལ། 

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
ཁྲིམས་ཁང་གིས་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་མ་དངུལ་མཁོ་སྤྲོད་དགོས་པའི་ཁྲིམས་ཀྱི་ཐག་གཅོད་ལ་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གིས་དགའ་བསུ་ཞུས།
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
བོད་ནང་གི་རྫ་སྟོད་རྫོང་གི་ས་འགུལ་ཁྲོད་མི་རྒྱུ་གཉིས་ལ་གནོད་སྐྱོན་བྱུང་མེད་སྐོར། བོད་ནང་གི་བོད་མིས་འགྲེལ་བརྗོད་གནང་གི་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎