བལ་ཡུལ་ནང་སྲིད་བློན་འོས་བསྡུར་ལམ་ལྷོངས་མ་བྱུང་བ།

བལ་ཡུལ་ནང་རེས་གཟའ་ཉི་མའི་ཉིན་སྲིད་བློན་གྱི་འོས་བསྡུ་ཐེངས་བརྒྱད་པ་དེ་གནང་ཡོད་ཀྱང་དེ་ཡང་ལམ་ལྷོངས་བྱུང་མི་འདུག།

༄༅༎རེས་གཟའ་ཉི་མའི་ཉིན་བལ་ཡུལ་གྱི་གྲོས་ཚོགས་ནང་རྒྱལ་ཁབ་ཀྱི་སྲིད་བློན་༣༤པ་དེ་བསྐྱར་དུ་འོས་བསྡུའི་ལས་དོན་དབུ་འཛུགས་མ་གནང་གོང་དུ་མའོ་ཤོག་ཁག་གི་དབུ་ཁྲིད་པ་ར་ཅན་རྡ་སྲིད་བློན་གྱི་འོས་དམིགས་ནས་ཕྱིར་འཐེན་གྱིས་ད་ལྟའི་འོས་བསྡུ་མཚམས་འཇོག་གིས་ཐབས་ལམ་གསར་པ་ཞིག་འཚོལ་དགོས་ལུགས་བརྗོད་དེ་ཁོང་གི་ཚོགས་པས་ཐེངས་འདིའི་འོས་བསྡུར་མཉམ་ཞུགས་མི་བྱེད་རྒྱུའི་གལས་བསྒྲགས་བྱས་རྗེས་མཇུག་འབྲས་ཇི་ཡོང་ཚོད་དཔག་ཐུབ་པ་ཞིག་ཡིན་ཡང་གྲོས་ཚོགས་གཙོ་སྐྱོང་བས་ སྲིད་བློན་གྱི་འོས་དམིགས་གཅིག་ཡོད་པར་བརྟེན་འོས་བསྡུ་ཕྱིར་བསྡུ་བྱེད་ཐབས་མེད་ལུགས་བརྗོད་དེ་གང་ལྟར་རེས་གཟའ་ཉི་མའི་ཉིན་རྒྱལ་འོས་བསྡུ་ཐེངས་བརྒྱད་པ་གནང་བ་རེད། འོན་ཀྱང་འོས་དམིགས་ཁོ་ན་ཀོང་རེ་སི་ཚོགས་པའི་དབུ་ཁྲིད་རམ་ཅན་རྡར་པོ་ཌེལ་ལ་འོས་གྲངས་༡༡༦ལས་ཐོབ་མི་འདུག སྲིད་བློན་དུ་འོས་འདེམས་གྱི་རྒྱལ་ཁ་ཐོབ་པར་གྲོས་ཚོགས་ཀྱི་ཚོགས་མི་༦༠༡ཡོད་པ་ནས་འོས་གྲངས་༣༠༡ངེས་པར་ཐོབ་དགོས་པ་རེད། མའོ་ཤོག་ཁག་གིས་དམར་ཤོག་མརསིཀྲེ་ལེ་ནིན་ཚོགས་པའི་དབར་པར་ཅན་རྡ་སྲིད་བློན་གྱི་འོས་གཞི་ནས་ཕྱེར་འཐེན་བྱེད་རྒྱུ་དང་སླད་ཕྱིན་ཆད་ནས་འོས་བསྡུར་མཉམ་ཞུགས་མི་བྱེད་རྒྱུའི་གྲོས་མཐུན་བྱུང་ཡོད་འདུག དེ་ལྟར་ཡང་གྲོས་ཚོགས་གཙོ་སྐྱོང་བ་སུ་སྦ་ཤེ་ནེམ་ལྦང་གིས་འོས་བསྡུ་ཐེངས་དགུ་པ་དེ་རེས་གཟའ་ཕུར་བུ་ཕྱི་ཟླ་དགུའི་ཚེས་༣༠ཉིན་གནང་རྒྱུའི་གསལ་བསྒྲགས་གནང་ཡོད་འདུག།