བལ་ཡུལ་གྱིས་རྒྱ་ནག་ནས་རྡོ་སྣུམ་ནང་འདྲེན་བྱེད་རྒྱུའི་གན་རྒྱ།
2015.10.29
བལ་ཡུལ་དང་རྒྱ་ནག་གཉིས་བར་གན་རྒྱ་བཞག་ནས་བལ་ཡུལ་གྱིས་རྒྱ་ནག་ནས་རྡོ་སྣུམ་ནང་འདྲེན་བྱ་རྒྱུའི་ཐག་གཅོད་གནང་འདུག
དེ་ཡང་འདི་ཟླའི་ཚེས༢༨རེས་གཟའ་ལྷག་པ་ཉིན་བལ་ཡུལ་དང་རྒྱ་ནག་བར་གན་རྒྱ་གཅིག་བཞག་ནས། བལ་ཡུལ་གྱིས་རྒྱ་ནག་ནས་རྡོ་སྣུམ་ནང་འདྲེན་བྱ་རྒྱུའི་ཐག་གཅོད་གནང་ཡོད་པ་དང་། བལ་ཡུལ་གྱིས་རྒྱ་ནག་ནས་རྡོ་སྣུམ་ནང་འདྲེན་གནང་རྒྱུའི་གན་རྒྱ་དེ་བལ་ཡུལ་གྱི་Nepal Oil Corporationཞེས་པའི་བལ་ཡུལ་གྱི་རྡོ་སྣུམ་ཚོང་གཉེར་ལས་ཁང་དེ་དང་རྒྱ་ནག་གི་ China National United Oil Corporationཞེས་རྒྱ་ནག་གི་གཞུང་གཉེར་ཚོང་ལས་ཁང་དེའི་བར་བཞག་གནང་ཡོད་འདུག ཡིན་ནའང་གོང་ཞུས་གན་རྒྱ་དེའི་ནང་རྡོ་སྣུམ་གྱི་རིན་གོང་སོགས་གནད་དོན་མང་དག་ཅིག་ད་ལྟ་ཐག་གཅོད་གནང་ཐུབ་མེད་སྐོར་རྒྱ་ནག་ཏུ་ཕེབས་མཁན་བལ་ཡུལ་གཞུང་གི་སྐུ་ཚབ་འཐུས་མིའི་གྲས་དཔལ་འབྱོར་དྲུང་ཆེ་སྐུ་ཞབས་ (Madhu Marasini)ཡིས་ཞལ་པར་ཐོག་གསར་འགོད་པར་བརྗོད་ཡོད་པ་རེད།
ད་ཐེངས་ཀྱི་བལ་ཡུལ་དང་རྒྱ་ནག་བར་གྱི་གྲོས་མཐུན་དེར་བལ་ཡུལ་ཕྱོགས་ཀྱི་སྐུ་ཚབ་འཐུས་མིའི་དབུ་ཁྲིད་དེ་དེང་སྐབས་པེ་ཅིང་དུ་བཞུགས་པའི་བལ་ཡུལ་གྱི་གཞུང་ཚབ་པ་སྐུ་ཞབས་ Dr. Mahesh Kumar Maskeyཡིས་གནང་ཡོད་པ་དང་། རྒྱ་ནག་ཕྱོགས་ཀྱི་འཐུས་མིའི་ཁོངས་རྒྱ་ནག་ཕྱི་སྲིད་ལྷན་ཁང་དང་ཚོང་དོན་ལྷན་ཁང་གི་དཔོན་རིགས་ཁག་ཅིག་མཉམ་ཞུགས་གནང་ཡོད་འདུག
དེ་བཞིན་གན་རྒྱ་དེ་གོང་ཞུས་བལ་ཡུལ་གྱི་རྡོ་སྣུམ་ལས་ཁང་དེའི་འགན་འཛིན་སྐུ་ཞབས་ Gopal Bahadur Khadkaདང་། རྒྱ་ནག་ངོས་ཀྱི་རྡོ་སྣུམ་ལས་ཁང་གི་འགན་འཛིན་གཞོན་པ་སྐུ་ཞབས་Zhang Tongརྣམ་གཉིས་ཀྱིས་ས་རྟགས་བཀོད་ཡོད་འདུག
པེ་ཅིང་དུ་ཡོད་པའི་བལ་ཡུལ་གྱི་གཞུང་ཚབ་ལས་ཁང་གིས་བརྗོད་པར་གཞིགས་ན། ཡུལ་གཉིས་བར་གན་རྒྱ་གཞན་ཞིག་བཞག་གནང་བའི་ནང་རྒྱ་ནག་གིས་བལ་ཡུལ་གྱི་རྡོ་སྣུམ་གྱི་དཀའ་ངལ་དེ་ཛ་དྲག་ཐོག་སེལ་ཆེད་རྡོ་སྣུམ་Metric Tonཆིག་སྟོང་ཞིག་རིན་མེད་ཐོག་སྤྲོད་རྒྱུའི་ཐག་གཅོད་བྱུང་སྐོར་གསུངས་འདུག
དེ་ནི་ཉེ་ལམ་བལ་ཡུལ་ནང་རྩ་ཁྲིམས་གསར་པ་གཏན་འབེབས་བྱས་པའི་རྗེས། བལ་ཡུལ་ནང་དུ་ཡོད་པའི་རྒྱ་གར་མི་རིགས་ཡིན་པའི་བལ་པོའི་མི་སེར་ཡིན་པ་མ་རྡ་ཤི་མི་རིགས་ཚོས། རྒྱ་གར་དང་བལ་ཡུལ་ས་མཚམས་ལྟེ་གནས་སུ་བལ་ཡུལ་གྱི་རྩ་ཁྲིམས་གསར་པར་མོས་མཐུན་མེད་པའི་ངོ་རྒོལ་ལས་འགུལ་མུ་མཐུད་སྤེལ་ནས་ཧ་ལམ་གཟའ་འཁོར་གཉིས་ཙམ་འགྲོ་གི་ཡོད་པར་བརྟེན་ནས་རྒྱ་གར་ནས་བལ་ཡུལ་དུ་རྡོ་སྣུམ་དང་། དངོས་ཟོག་ནང་འདྲེན་བྱེད་རྒྱུར་དཀའ་ངལ་ཆེན་པོ་འཕྲད་བཞིན་ཡོད་པ་རེད།
གསར་འགོད་པ་ལྷུན་གྲུབ་ཚེ་རིང་།