བོད་ནས་བྲོས་བྱོལ་ཡོང་མཁན་ཉུང་དུ་ཕྱིན་པའི་རྒྱུ་རྐྱེན།
2011.12.06
༄༅༎བལ་ཡུལ་གཞུང་གིས་བོད་ཀྱི་གནད་དོན་ཐོག་རྒྱ་ནག་གི་གནོན་ཤུགས་འོག་ཏུ་མགོ་བོ་སྒུར་གྱི་ཡོད་པའི་ཐད་ཨེ་ཤེ་ཡའི་དུས་བབ་ཀྱི་གསར་འགོད་པ་ས་རནཤ་སེ་གལ་གྱིས་རྩོམ་བྲིས་ཤིག་སྤེལ་བའི་ནང་གསལ་བཤད་བྱས་ཡོད་པ་རེད་ ཁོང་གིས་ཕྱི་ལོ་ ༢༠༠༨ ལོ་ནས་བཟུང་རྒྱ་ནག་གིས་བོད་ནང་དམ་བསྒྲགས་དང་བལ་ཡུལ་དང་བོད་ཀྱི་ས་མཚམས་ཐོག་རྒྱ་ནག་དང་བལ་ཡུལ་ཟུང་འབྲེལ་གྱི་ཐོག་ནས་བོད་ནས་བྲོས་བྱོལ་དུ་ཡོང་མཁན་བོད་མི་རྣམས་ཀྱི་ཐོག་དམ་བསྒྲགས་དང་འཛིན་བཟུང་བྱས་ཐོག་བལ་ཡུལ་གྱིས་རྒྱ་ནག་གི་འདོད་པ་གཞིར་བཟུང་ས་མཚམས་སུ་བོད་མི་བཀག་ཉར་བྱས་པ་དང་ བོད་མི་གང་འཚམ་ཞིག་བོད་ནང་རྒྱ་མིར་ཕྱིར་སྤྲོད་བྱས་ཡོད་པའི་སྐོར་རྩོམ་བྲིས་དེའི་ནང་བཀོད་ཡོད་པ་རེད་ དེའི་ཤུགས་རྐྱེན་འོག་བོད་ནས་བོད་མི་བྲོས་བྱོལ་བ་ལྡབ་བཞི་ཙམ་ཉུང་དུ་ཕྱིན་ཡོད་ཅིང་ཕྱི་ལོ་ ༢༠༠༨ ནས་ད་ལོ་བར་བོད་ནས་བོད་མི་ ༢༥༠༠ ཙམ་མ་གཏོགས་བལ་ཡུལ་དང་ བོད་ཀྱི་ས་མཚམས་བརྒྱུད་ནས་འབྱོར་ཐུབ་མེད་པ་དང་ ཕྱི་ལོ་ ༢༠༠༤ ནས་ ༢༠༠༧ ནང་ བོད་མི་ཆིག་ཁྲི་ཉིས་སྟོང་ཙམ་ས་མཚམས་བརྒྱུད་ནས་བྲོས་བྱོལ་དུ་འབྱོར་བའི་ཟིན་ཐོ་ལུང་འདྲེན་བྱས་ཡོད་པ་རེད་ བོད་ནས་བྲོས་བྱོལ་དུ་འགྲོ་མཁན་ས་མཚམས་ནས་འཛིན་བཟུང་བྱས་པའི་བོད་མི་རྣམས་ལ་ལོ་མང་རིང་བཙོན་ཁང་ནང་བཅུག་གི་ཡོད་པ་དང་ དེ་འདྲའི་རྒྱུ་མཚན་གྱིས་བོད་མི་མང་པོ་ཞེད་སྣང་འོག་བྲོས་བྱོལ་དུ་འགྲོ་འདོད་ཡོད་ཀྱང་ ཐེ་ཚོམ་བྱེད་ཀྱི་ཡོད་པའི་སྐོར་ཡང་ངོ་སྤྲོད་གནང་ཡོད་པ་རེད།