སྲིད་སྐྱོང་མཆོག་དང་བོད་དོན་ལས་འགུལ་བསྟི་གནས་ཁང་ལ་ཨ་རིའི་རྒྱལ་ཡོངས་མང་གཙོ་ཐེབས་རྩ་ཁང་གི་གཟེངས་རྟགས་ཕུལ་གཏན་འཁེལ་འདུག
ཨ་རིའི་རྒྱལ་ཡོངས་མང་གཙོ་ཐེབས་རྩ་ཚོགས་པའི་༢༠༢༤་ལོའི་མང་གཙོའི་ལས་དོན་ཐད་ཀྱི་གཟེངས་རྟགས་དེ་བཞིན་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་མཆོག་དང་བོད་དོན་ལས་འགུལ་བསྟི་གནས་ཁང་ལ་ཕུལ་གཏན་འཁེལ་འདུག
- 2024-06-07
-
-
-
Your browser doesn’t support HTML5 audio
ཨ་རིའི་རྒྱལ་ཡོངས་མང་གཙོ་ཐེབས་རྩ་ཚོགས་པའི་སྤྱི་ལོ་༢༠༢༤་ལོའི་(Democracy Service Medal)་ཞེས་མང་གཙོ་གོང་སྤེལ་དང་འབྲེལ་བའི་ཞབས་ཞུའི་ལས་དོན་ལ་ཆེ་བསྟོད་ཀྱི་གཟེངས་རྟགས་དེ་བཞིན་རྒྱལ་སྤྱིའི་དབུ་ཁྲིད་དྲུག་ལ་ཕུལ་གཏན་འཁེལ་ཡོད་པའི་ནང་། བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་དང་། གཞན་ཨ་རིའི་གྲོས་ཚོགས་འོག་མའི་ཚོགས་གཙོ་ཟུར་པ་ལྕམ་(Nancy Pelosi)་མཆོག གྲོས་ཚོགས་གོང་མའི་འཐུས་མི་སྐུ་ཞབས་(Mitch McConnell)་མཆོག ད་དུང་ཨུ་རུ་སུ་དང་། (Belarus)་ནང་གི་རང་དབང་འཐབ་རྩོད་པ་བཅས་ལ་ཕུལ་རྒྱུ་ཡིན་པ་ཨ་རིའི་རྒྱལ་ཡོངས་མང་གཙོ་ཐེབས་རྩ་ཚོགས་པས་བསྒྲགས་འདུག་ལ། དབུས་བོད་མིའི་སྒྲིག་འཛུགས་ཀྱིས་སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་ལ་ཨ་རིའི་རྒྱལ་ཡོངས་མང་གཙོའི་ཞབས་ཞུའི་ལས་དོན་གཟེངས་རྟགས་ཕུལ་དོན་ནི་། ཁོང་གིས་བོད་མི་ཡོངས་ཀྱི་སྐུ་ཚབ་གནང་སྟེ་མང་གཙོ་དང་འགྲོ་བ་མིའི་ཐོབ་ཐང་སྲུང་སྐྱོབ་ཐད་ནུས་སྟོབས་ལྡན་པའི་དབུ་ཁྲིད་གནང་ཡོད་པ་རེད་ཅེས་གསུངས་འདུག
གཞན་ཨ་རིའི་རྒྱལ་ཡོངས་མང་གཙོ་ཐེབས་རྩ་ཚོགས་པའི་(Democracy Award)་ཞེས་མང་གཙོའི་ཆེ་བསྟོད་ཀྱི་གཟེངས་རྟགས་དེ་བཞིན་རྒྱལ་སྤྱིའི་ཚོགས་སྡེ་གསུམ་ལ་ཕུལ་རྒྱུ་ཡིན་པའི་ནང་། རྒྱ་ནག་གཞུང་གིས་བོད་ནང་བཙུགས་པའི་བཅའ་སྡོད་སློབ་གྲྭའི་སྲིད་བྱུས་འོག་བོད་ཕྲུག་སློབ་མ་རྣམས་སོ་སོའི་སྐད་ཡིག་དང་རིག་གཞུང་ཐོག་སློབ་སྦྱོང་བྱ་རྒྱུའི་གོ་སྐབས་གཏན་ནས་མེད་པའི་ཛ་དྲག་གི་གནས་སྟངས་ཆགས་པའི་གནས་ཚུལ་ཐེར་འདོན་དང་། རྒྱ་ནག་གཞུང་ལ་སྐྱོན་བརྗོད་ཀྱིས་རྒྱ་ནག་གཞུང་གི་བྱ་སྤྱོད་དེ་དག་མཚམས་འཇོག་ཡོང་ཐབས་སུ་འབད་བརྩོན་ལྷོད་མེད་གནང་བར་ངོས་ཛིན་གྱིས་(Tibet Action Institute)་ཞེས་བོད་དོན་ལས་འགུལ་བསྟི་གནས་ཁང་ལ་ཕུལ་གཏན་འཁེལ་ཡོད་པར་བསྟི་གནས་ཁང་དེའི་འགན་འཛིན་བཀྲས་མཐོང་ལྷ་སྒྲོན་ལགས་དང་འབུམ་རམས་པ་རྒྱལ་ལོ་ལགས་སུ་ཕུལ་རྒྱུ་ཡིན་པ་བསྒྲགས་འདུག
༢༠༢༤་ལོའི་ཨ་མི་རི་ཀའི་མང་གཙོའི་གཟེངས་རྟགས་འདིས་འཛམ་གླིང་ཡོངས་ཀྱི་དམངས་གཙོ་ཡར་རྒྱས་ཀྱི་ཆེད་དུ་མི་ཚེ་བློས་གཏོང་བྱེད་མཁན་གྱི་ང་ཚོའི་མཉམ་ལས་གྲོགས་པོ་དང་།་འགོ་ཁྲིད་ཚོའི་ངོ་མཚར་བའི་གྲུབ་འབྲས་ལ་གཟེངས་བསྟོད་བྱ་རྒྱུ་རེད། ཅེས་ཨ་རིའི་དམངས་ཐེབས་རྩ་ཚོགས་པའི་འགན་འཛིན་ལྷན་ཚོགས་ཀྱི་ཚོགས་གཙོ་(Kenneth Wollack)་ལགས་ཀྱིས་གསུངས་འདུག་ལ། རིང་མིན་ཕྱི་ཟླ་༦པའི་ཚེས་༡༣རེས་ཕུར་བུའི་ཉིན་གཟེངས་རྟགས་འབུལ་བའི་མཛད་སྒོ་དངོས་སུ་ཚོགས་རྒྱུ་ཡིན་ཞིང་། གནས་ཚུལ་ཤེས་རྟོགས་བྱུང་བ་ལྟར་ན། སྲིད་སྐྱོང་སྤེན་པ་ཚེ་རིང་ལགས་གཟེངས་རྟགས་འབུལ་བའི་མཛད་སྒོར་དངོས་ཕེབས་ནས་གཟེངས་རྟགས་བཞེས་རྒྱུ་ཡིན་འདུག
མཛད་སྒོའི་ཐོག་སྐུ་མགྲོན་ནི་འཛམ་གླིང་ཡུལ་གྲུ་གང་ས་ནས་ཕེབས་པའི་མང་གཙོ་དར་སྤེལ་གནང་མཁན་དང་མང་གཙོར་རྒྱབ་སྐྱོར་གནང་མཁན། གྲོས་ཚོགས་དང་སྲིད་གཞུང་གི་སྐུ་ཚབ། གསར་འགྱུར་བརྒྱུད་ལམ་ཁག་གི་གསར་འགོད་པ་སོགས་འདུ་འཛོམས་བྱ་རྒྱུ་ཡིན་པ་དང་། དྲྭ་རྒྱའི་ཐོག་ནས་གཟིགས་འདོད་ཡོད་མཁན་ཚོར་ཕྱི་ཟླ་དྲུག་པའི་ཚེས་༡༣ཕྱི་དྲོའི་ཚོུད་༧པའི་ཐོག་དྲྭ་ལམ་ནས་གཟིགས་ཐུབ་པའི་མཐུན་འགྱུར་སྐྲུན་རྒྱུ་ཡིན་པ་རེད།
ཨ་རིའི་རྒྱལ་ཡོངས་མང་གཙོ་ཐེབས་རྩ་ཚོགས་པའི་གཟེངས་རྟགས་དེ་བཞིན་དེ་སྔ་བོད་མིའི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༧གོང་ས་སྐྱབས་མགོན་མཆོག་དང་། རྒྱ་ནག་གི་བཙོན་འཇུག་འོག་འདས་གྲོངས་སུ་གྱུར་བའི་བོད་ཀྱི་ཆབ་སྲིད་བཙོན་པ་ལི་ཐང་སྤྲུལ་སྐུ་བསྟན་འཛིན་བདེ་ལེགས་དམ་པ་བཅས་ལ་ཕུལ་མྱོང་ཡོད་པ་རེད།
གསར་འགོད་པ། གཡུ་སྒྲོན། ཀླུ་འབུམ།
རྩོམ་སྒྲིག་པ། དཔལ་ལྡན་རྒྱལ།
དྲྭ་ཐོག་སྤེལ་མཁན། ཀླུ་འབུམ།