བོད་མི་ཚོས་ཞབས་རིམ་བསྒྲུབ་དགོས་པ་གནས་ཆུང་གིས་བཀའ་ལུང་།
གནས་ཆུང་ཆོས་རྒྱལ་ཆེན་པོས་བོད་མི་ཚོར་ཞབས་རིམ་ཁག་གཅིག་བསྒྲུབ་དགོས་པ་སྤྱན་འདྲེན་སྐབས་བཀའ་ལུང་ཕེབས་ཡོད་པ།
-
2016-01-22 -
-
-
དེ་ཡང་བོད་མིའི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གི་སྐུའི་འཕྲོད་བཞེས་དང་། བོད་མིའི་སྤྱི་མཐུན་བསོད་ནམས་གསོག་ཐབས་སུ་དམིགས་ནས་རྒྱལ་བའི་མཚན་བསྔགས་དང་། སྨན་བླའི་གཟུངས་བསྔགས་སོགས་ཞབས་རིམ་ཁག་ཅིག་འགྲུབ་གནང་དགོས་ལུགས་ཕེབས་ཡོད་པ་རེད།
དེ་ནི་དབུས་བོད་མིའི་སྒྲིག་འཛུགས་བཀའ་ཤག་ནས་འདི་ཚེས་༢༠ཉིན་གཞུང་འབྲེལ་དགུན་གསོལ་སྤྱན་འདྲེན་ཞུས་པའི་སྐབས་སུ། གནས་ཆུང་ཆོས་རྒྱལ་ཆེན་མོས་བཀའ་ལུང་ཕེབས་པའི་ནང་། སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་ཨ་རིའི་ནང་སྐུ་གཟུགས་བརྟག་དཔྱད་དང་འཕྲོད་བཞེས་སྨན་བཅོས་གནང་བཞིན་ཡོད་པ་དང་། བོད་མི་ཡོངས་ཀྱི་ངོས་ནས་དེའི་ཆ་རྐྱེན་སེལ་བའི་རིམ་འགྲོ་དང་། བོད་མིའི་སྤྱི་མཐུན་བསོད་ནམས་གསོག་སླད་ཞབས་རིམ་སྨིན་འགྲུབ་དགོས་པའི་བཀའ་ལུང་ཕེབས་པ་ཞིག་ཆོས་རིག་ལས་ཁུངས་ནས་བོད་མི་འདུས་སྡོད་ཚང་མར་ཡོངས་བསྒྲགས་བཀོད་ཁྱབ་གནང་ཡོད་འདུག
ཞབས་རིམ་ཁོངས་སུ་རྒྱལ་བའི་མཚན་བསྔགས་འགྲོ་གང་ཆེ་དང་། སྨན་བླའི་མདོ་ཆོག་དང་། འབྲེལ་སྨན་བླའི་གཟུངས་བསྔགས་གང་མང་གྲངས་གསོག་གནང་དགོས་པ་དང་། ཞབས་རིམ་གྱི་གྲུབ་ཐོ་རྣམས་ཕྱི་ཟླ་གསུམ་པའི་ཚེས་ཉིན་ཤུ་ནང་ཚུད་ཆོས་རིག་ལས་ཁུངས་སུ་འབུལ་ཐུབ་པ་དགོས་ཀྱི་ཡོད་པའི་སྐོར་གསུང་འདུག
ཉིན་ཤས་སྔོན་གནས་ཆུང་ཆོས་སྐྱོང་སྤྱན་འདྲེན་ཞུས་པའི་སྐབས་སུ། དབུས་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་དབུས་པའི་མཛད་གཙོ་རྣམ་པ་དང་། བོད་མི་མང་སྤྱི་འཐུས་རྒྱུན་ལས་རྣམ་པ། དེ་བཞིན་རང་དབང་ལྡན་པའི་སྡེ་ཚན་ཁག་གི་འགན་འཛིན། ལྷན་ཁང་ཁག་གི་དྲུང་ཆེ་ཆུང་གིས་གཙོས་སྲི་ཞུའི་ལས་བྱེད་རྣམས་བཅར་ཡོད་པ་རེད།
དེ་དང་འབྲེལ་སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་ཨ་རིའི་ནུབ་དཀྱིལ་མངའ་སྡེ་Minnesotaནང་ཡོད་པའི་Mayo Clinicསྨན་ཁང་དུ། སྐུ་གཟུགས་འཕྲོད་བཞེས་བརྟག་དཔྱད་དབུ་འཛུགས་གནང་ཟིན་པ་དང་། སྨན་ཁང་དེའི་འབྲེལ་ཡོད་སྨན་པས་སྤྱི་བསྒྲགས་སྤེལ་བའི་ནང་། ༧གོང་ས་ཏྭ་ལའི་བླ་མ་མཆོག་གི་སྐུ་ཁམས་ལ་དམིགས་བསལ་གནད་འགག་ཆེ་བ་དང་ཐུགས་འཚབ་གནང་དགོས་པ་གང་ཡང་མེད་ལུགས་གསུང་འདུག
གསར་འགོད་པ་འཆི་མེད།