བཙན་བྱོལ་བོད་མིའི་སྤྱི་ཚོགས་སུ་ཆབ་སྲིད་ཚོགས་པ་གཅིག་པུ་ལ་བརྩི་སྲོལ་ཡོད་པ། བོད་རྒྱལ་ཡོངས་མང་གཙོ་ཚོགས་པ་ནས་བཞུགས་སྒར་དུ་སྤྱི་ཟླ་༨པའི་ཚེས་༢༠ནས་ཉི་མ་གཉིས་རིང་ཚོགས་ཆེན་ཐེངས་དགུ་པ་བསྐོང་བཞིན་པ་དེར། ཚོགས་གཙོ་ཚེ་བརྟན་ནོར་བུ་ལགས་ནས།གཙོ་ཆེར་འཆར་ཅན་བོད་ནང་གི་ཛ་དྲག་གནས་སྟངས་ལ་ལས་འགུལ་སྤེལ་ཕྱོགས་ཅི་དགེ་དང་། བོད་མིའི་སྒྲིག་འཛུགས་དེ་སྲིད་དོན་ཚོགས་པ་འདྲ་མིན་གྱི་མང་གཙོའི་གཞུང་ཞིག་ཡོང་ཐབས་སུ་འབད་བརྩོན་གོ་བསྡུར་གནང་གི་ཡོད་པ་འགྲེལ་བརྗོད་གནང་གི་འདུག
ཚོགས་པའི་སྒྲིག་གཞི་དང་ཐོག་མའི་དམིགས་ཡུལ་ནི་ཆབ་སྲིད་ཚོགས་པ་རང་གི་ངོ་བོའི་ཐོག་བཙུགས་ཡོད་ནའང་། བཙན་བྱོལ་བོད་མིའི་བཅའ་ཁྲིམས་དང་འོས་བསྡུའི་སྒྲིག་གཞི་སོགས་ཀྱི་ཐོག་ནས་ཐོག་མར་བསམ་པ་ནང་བཞིན། ཆབ་སྲིད་ཚོགས་པའི་ངོ་བོ་ཙམ་མ་གཏོགས་ཚོགས་པ་རང་གི་ཐོག་ནས་ལས་ཀ་བྱས་མེད་ཀྱང་། བཀའ་བློན་ཁྲི་པ་ནས་སྤྱི་འཐུས་འོས་འདེམས་ཀྱི་སྐབས་སུ་འོས་མི་དྲིལ་བསྒྲགས་དང་བགྲོ་གླེང་སོགས་ཀྱིས་མཚོན། མང་གཙོའི་འཕེལ་རིམ་དང་འབྲེལ་ཏེ་གང་འཚམས་ཤུགས་རྒྱབ་ཡོད་པ་དང་། ཚོགས་པའི་ལངས་ཕྱོགས་ནི་ཐོག་མར་བོད་ཀྱི་གཞོན་ནུ་ལྷན་ཚོགས་ནས་བཙུགས་པར་བརྟེན། རང་བཙན་གཙང་མའི་ལངས་ཕྱོགས་བཟུང་ཡོད་པ་འགྲེལ་བརྗོད་གནང་གི་འདུག
བོད་རྒྱལ་ཡོངས་མང་གཙོ་ཚོགས་པའི་ཚོགས་ཆེན་ཐེངས་དགུ་བ་འདིར། རྒྱ་གར་དང་བལ་ཡུལ་བཅས་ནས་ས་གནས་དང་འབྲེལ་མཐུད་པ་ཁག་༣༨ཡོད་པ་ལས།ས་གནས་དང་འབྲེལ་མཐུད་པ་༢༣དང་ཁྱོན་བསྡོམས་ཚོགས་བཅར་པ་༤༩ཆེད་བསྐོངས་གནང་ཡོད་པ་དང་། བལ་ཡུལ་སྦོཀ་ར་ས་གནས་མང་གཙོ་ཚོགས་པའི་ཚོགས་གཞོན་ཀར་ཆུང་ལགས་ནས། རྒྱ་ནག་གཞུང་གིས་གནོན་ཤུགས་དོ་དམ་ལ་བརྟེན་ནས་བལ་ཡུལ་དུ་ལས་འགུལ་སྤེལ་རྒྱུ་ཧ་ཅང་ཁག་པོ་ཡིན་པ་ནའང་ཐབས་ཤེས་ཡོད་རྒུ་གནང་བཞིན་པ་དང་། གཙོ་བོ་མ་འོངས་བོད་ཀྱི་བདེན་མཐའ་སེལ་ཏེ་མང་གཙོའི་རིང་ལུགས་བྱས་ཆོག་ཅིག་ཡོང་བར་དམིགས་ཡུལ་བཟུང་ནས་འབད་བརྩོན་གནང་འདུན་ཡོད་པ་འགྲེལ་བརྗོད་གནང་གི་འདུག
གཞན་ཡང་ཚོགས་བཅར་པ་བསྟན་འཛིན་ཆོས་དབྱིངས་ལགས་ནས། མང་གཙོའི་རིང་ལུགས་ནི་ཧ་ཅང་གལ་ཆེན་ཡིན་པ་དང་ལྷག་པར་འབྱུང་འགྱུར་བོད་ལ་མང་གཙོ་ཡག་པོ་ཞིག་ཡོང་རེས།སོ་སོ་རྒྱབ་སྐྱོར་གྱི་ཚུལ་དུ་ཚོགས་བཅར་གནང་བ་འགྲེལ་བརྗོད་གནང་གི་འདུག
སྤྱི་ལོ་༡༩༩༠ལོའི་བོད་ཀྱི་གཞོན་ལྷན་གྱི་འགན་འཛིན་ལྷན་ཚོགས་ཐེངས་༢༡པར།བོད་མིའི་དབུ་ཁྲིད་༧གོང་ས་མཆོག་གིས་“ཕྱིན་ཆད་བོད་སྐྱོང་སྟངས་ཐད་ཆ་བཞག་ན་སྤྱི་ཚོགས་རིང་ལུགས་གཙོར་བྱས་ཀྱི་མང་གཙོའི་སྤྱི་ཚོགས་ཐོག་ཕྱིན་ན་ལེགས་པ་འདུག་གམ། ཡང་ན་མང་གཙོའི་ལྟ་བ་འདྲ་མིན་སྣ་ཚོགས་ཡོད་པ་ལྟར། ལྟ་བ་འདི་འདྲ་ཞིག་གི་ཐོག་ཕྱིན་ན་ལེགས་པ་འདུག་ཟེར་བ་སོགས། གང་ལྟར་ལྟ་བ་འདྲ་མིན་འཁྱེར་མཁན་ནང་གསེས་ཀྱི་ཚོགས་པ་འདྲ་མིན་བཙུགས། དམིགས་ཡུལ་གཅིག་གྱུར་གྱི་སྒོ་ནས་སོ་སོའི་ལྟ་བ་འདྲ་མིན་འཁྱེར་མཁན་ཕན་ཚུན་བགྲོ་གླེང་བྱས་”སོགས་ཀྱི་བཀའ་ཕེབས་དགོངས་དོན་བཞིན། སྤྱི་ལོ་༡༩༩༤ལོའི་སྤྱི་ཟླ་༩པའི་ཚེས་༢ཉིན། བོད་ཀྱི་གཞོན་ནུ་ལྷན་ཚོགས་ནས་བོད་རྒྱལ་ཡོངས་མང་གཙོ་ཚོགས་པ་གསར་འཛུགས་ཀྱི་མཛད་སྒོར། ༧གོང་ས་མཆོག་གིས་“ད་ལམ་སྐབས་སུ་བབས་པ་བོད་མིར་ལྷག་བསམ་དང་། དེང་དུས་འཛམ་གླིང་གི་འཕོ་འགྱུར་གྱི་ཐོག་ལ་དོ་སྣང་ཡོད་མཁན་མི་གང་འཚམས་ཤིག་གིས། དེ་རིང་འདིར་བོད་ཀྱི་ཆབ་སྲིད་དོན་དུ་སྲིད་དོན་ཚོགས་པ་ཞིག་བཙུགས་པའི་ལས་འགུལ་འགོ་ཚུགས་པ་འདིའི་ཐོག་ཁྱེད་རང་ཚོ་ཚང་ལ་མ་བཀྲ་ཤིས་བདེ་ལེགས་དང་ཐུགས་རྗེ་ཆེ་”ཞེས་བསྔགས་བརྗོད་ཕེབས་མྱོང་ཡོད་པ་རེད། མང་གཙོའི་ཚོགས་པའི་ཚོགས་ཆེན་གྱི་རྗེས་སུ་རྒྱུན་ལས་གསར་འདེམས་དང་ཚོགས་གཙོ་ཚོགས་གཞོན་གསར་བསྐོ་སོགས་ཀྱང་གནང་གི་ཡོད་པ་རེད།
གསར་འགོད་པ། བློ་བྷེ་།
རྩོམ་སྒྲིག་པ། བསྟན་འཛིན་འཕགས་སྒྲོན།
དྲ་ཐོག་སྤེལ་མཁན། བསྟན་འཛིན་འཕགས་སྒྲོན།