འཕགས་བོད་འབྲེལ་མཐུད་ཚོགས་པའི་རྒྱལ་ཡོངས་ཚོགས་ཆེན་ཐོག་བོད་དོན་གསུང་བཤད།
2018.05.05
༄༅། །དེ་ཡང་འདི་ག་རླུང་འཕྲིན་ཁང་གི་དྷ་སའི་ས་གནས་གསར་འགོད་པ་ཨོ་རྒྱན་བསྟན་འཛིན་ལགས་ཀྱིས་བཏང་བའི་གནས་ཚུལ་ནང་། སྤྱི་ཟླ ༥ པའི་ཚེས ༥ ནས ༦ ཉིན་གཉིས་རིང་རྒྱ་གར་བྱང་ཕྱོགས་ཧེ་མཱ་ཅལ་མངའ་སྡེའི་མན་ཌི་གྲོང་ཁྱེར་དུ་འཕགས་བོད་འབྲེལ་མཐུན་ཚོགས་པའི་རྒྱལ་ཡོངས་ཚོགས་ཆེན་འཚོགས་ཡོད་པ་དང་། བོད་མི་དམངས་སྤྱི་འཐུས་ལྷན་ཚོགས་ཀྱི་ཚོགས་གཙོ་གཞོན་པ་ཨཅཱརྱ་ཡེ་ཤེས་ཕུན་ཚོགས་མཆོག་དང་། སྤྱི་འཐུས་བསྟན་པ་ཡར་འཕེལ་རྣམ་གཉིས་མགྲོན་འབོད་གནང་བ་ལྟར་མཉམ་ཞུགས་གནང་ཡོད་པ་དང་། ཚོགས་འདུ་དེའི་སྐོར་བོད་མི་དམངས་སྤྱི་འཐུས་ཚོགས་གཞོན་ཨཅཱརྱ་ཡེ་ཤེས་ཕུན་ཚོགས་མཆོག་གིས་ངོ་སྤྲོད་གནང་བར་གཞིགས་ན། འཕགས་བོད་འབྲེལ་མཐུད་ཚོགས་པ་དེ་བཞིན་རྒྱ་གར་རྒྱལ་ཡོངས་ཞབས་ཞུ་ཚོགས་པའི་དབུ་ཁྲིད་གཙོ་གྲས་སྐུ་ཞབས་ཀུ་མར་ལགས་ཀྱིས ༡༩༩༨ལོར་བཙུགས་ནས་ད་ལྟ་མི་ལོ ༢༠ འཁོར་བའི་དུས་དྲན་དང་སྟབས་བསྟུན་ནས། འཕགས་བོད་འབྲེལ་མཐུད་ཚོགས་པའི་རྒྱལ་ཡོངས་ཚོགས་ཆེན་འདི་བསྐོངས་ཚོགས་གནང་བ་དང་། ཐེངས་འདིའི་ཚོགས་ཆེན་སྟེང་རྒྱ་གར་གྱི་ས་གནས་ཁག་༢༠ ནས་མི ༣༠༠ བརྒལ་བ་མཉམ་ཞུགས་གནང་ཡོད་པ་དང་། ཚོགས་ཉིན་དང་པོར་བཏོན་པའི་གྲོས་གཞི་གཙོ་བོ་ཞིག་ནི་རྒྱ་ནག་ལ་གདོང་ལེན་བྱེད་སྟངས་དང་རྒྱ་ནག་ཐད་སྲིད་ཇུས་འཛིན་སྟངས་སོགས་དང་འབྲེལ་ནས་རྒྱ་དཀར་ནག་གི་འབྲེལ་བ་དེ་བོད་རྒྱའི་དཀའ་རྙོག་སེལ་རྒྱུར་གནད་འགག་ཆེན་པོ་ཆགས་ཡོད་པའི་སྐོར་ལ་གྲོས་བསྡུར་གནང་ཡོད་ལུགས། སྤྱི་འཐུས་ཚོགས་གཙོ་གཞོན་པ་ཨཅཱརྱ་ཡེ་ཤེས་ཕུན་ཚོགས་མཆོག་གིས་གསུངས་འདུག རྒྱ་གར་དང་རྒྱ་ནག་གཉིས་གདོང་དང་གདོང་ཐུག་ནས་སྐད་ཆ་བཤད་དུས། རྒྱ་གར་དང་རྒྱ་ནག་གཉིས་འདྲ་མཉམ་གྱི་གོ་གནས་བྱུང་ན་ད་གཟོད་བོད་ཀྱི་གནད་དོན་དེ་གླེང་ཐུབ་པ་དང་། གལ་ཏེ་རྒྱ་གར་དང་རྒྱ་ནག་གི་འབྲེལ་བ་ཡག་པོ་མ་བྱུང་ཚེ། བོད་ཀྱི་གནད་དོན་དེ་ཡལ་འགྲོ་བའི་དེ་འདྲའི་གནད་འགག་ཡོད་ཅེས་དང་། དེ་མིན་ཡང་ངོ་སྤྲོད་ལྟར་ན། ས་གནས་སོ་སོར་ལོ་གཅིག་གི་ནང་ལས་འགུལ་གང་གང་སྤེལ་ཡོད་པ་དང་། དེ་བཞིན་མ་འོངས་པར་བོད་དོན་གོ་རྟོགས་སྤེལ་བའི་གཞི་རྒྱ་ཆེ་བའི་ལས་འགུལ་རིགས་སྤེལ་ཕྱོགས་ཐད་གྲོས་བསྡུར་གནང་ཡོད་ཅིང་། དེ་བཞིན་ཡང་ཁོང་གིས། འཕགས་བོད་འབྲེལ་མཐུད་ཚོགས་པའི་ཚོགས་མི་ཚང་མ་དང་བླངས་པ་ཤར་སྟག་ཡིན་ཞིང་། ཁོང་རྣམ་པ་ཚང་མ་བོད་དོན་ལ་རྒྱུས་མངའ་ཡོད་པ་ཤར་སྟག་ཡིན་སྟབས་རྒྱ་ཆེ་སའི་གནད་དོན་དང་གནད་འགག་རིགས་ངོ་སྤྲོད་ཞུ་རྒྱུ་ལས་ཆུང་ཚགས་རིགས་ཁོང་ཚོས་ཧ་གོ་ཡོད་པ་རེད་ཅེས་གསུངས་འདུག།
འཕགས་བོད་འབྲེལ་མཐུད་ཚོགས་པའི་རྒྱལ་ཡོངས་ཚོགས་ཆེན་གྱི་ཚོགས་ཉིན་གཉིས་པ་སྤྱི་ཚེས ༦ཉིན་ཧེ་མཱ་ཅལ་མངའ་སྡེའི་སྤྱི་ཁྱབ་དྲུང་ཆེ་ཚོགས་ཆེན་སྟེང་ཕེབས་རྒྱུ་ཡིན་པ་རེད།
འཕགས་བོད་འབྲེལ་མཐུད་ཚོགས་པ་དེ་འཛུགས་དགོས་པའི་དམིགས་ཡུལ་གཙོ་བོ་ཞིག་ནི་བོད་ཀྱི་གནད་དོན་དང་རྒྱ་གར་གྱི་གནད་དོན་གཉིས་གཅིག་གཅིག་ལ་འབྲེལ་བ་ཆགས་ཡོད་པས་ཕན་ཚུན་གཅིག་ཕན་གཅིག་གྲོགས་ཡོང་ཆེད་བཙུགས་པ་ཞིག་ཡིན་ལུགས་འགྲེལ་བརྗོད་གནང་འདུག།
གསར་འགོད་པ་སྟག་ལྷ་རྒྱལ།