བྱང་ཨ་རིའི་བོད་རིགས་སྤྱི་མཐུན་ཚོགས་པའི་ཚོགས་ཆེན་ཐེངས་༡༦་པ་འཚོགས་རྒྱུ་རེད།

བྱང་ཨ་རིའི་བོད་རིགས་སྤྱི་མཐུན་ཚོགས་པའི་ཚོགས་ཆེན་ཐེངས་༡༦་པའི་ཐོག་སྲིད་སྐྱོང་མཆོག་ཕེབས་ནས་གཏམ་བཤད་གནང་རྒྱུ་རེད།

ཨ་རིའི་བོད་ཀྱོ་དོན་གཅོད་ཁང་། Lhuboom/RFA

ད་རེས་གཟའ་མཇུག་ཨ་རིའི་གྲོང་ཁྱེར་ནེའུ་ཡོག་ནང་འཚོགས་གནང་རྒྱུའི་བྱང་ཨ་རིའི་བོད་རིགས་སྤྱི་མཐུན་ཚོགས་པའི་ཚོགས་ཆེན་ཐེངས་༡༦་པའི་ཐོག་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་བློ་བཟང་སེངྒེ་མཆོག་གིས་གསུངས་བཤད་གནང་རྒྱུ་ཡིན་པ་རེད།
དེ་ཡང་ཟླ་བ་འདིའི་ཚེས་ ༨ ་ནས་ ༡༠་བར་ཉིན་གྲངས་གསུམ་རིང་ཨ་རིའི་གྲོང་ཁྱེར་ནིའུ་ཡོག་ནང་སྐོང་འཚོགས་གནང་རྒྱུའི་བྱང་ཨ་རིའི་བོད་རིགས་སྤྱི་མཐུན་ཚོགས་པའི་ཚོགས་ཆེན་ཐེངས་ ༡༦ པ་དབུ་འབྱེད་ཀྱི་མཛད་སྒོར་སྐུ་མགྲོན་གཙོ་བོ་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་བློ་བཟང་སེངྒེ་མཆོག་ལ་མགྲོན་འབོད་ཞུས་པ་ལྟར། ཆེད་ཕེབས་ཀྱིས་ལྷན་ཚོགས་ཐོག་གསུང་བཤད་གནང་རྒྱུ་ཡིན་པ་རེད།
སྐབས་དེར་བོད་རིགས་སྤྱི་མཐུན་ཚོགས་པ་ཁག་ ༢༨་ཀྱི་ཚོགས་གཙོ་ལ་སོགས་པའི་རྒྱུན་ལས་སྐུ་ཚབ་ ༦༣ ་མཉམ་ཞུགས་གནང་ནས་བོད་དང་བོད་མི། དེ་བཞིན་བོད་བརྒྱུད་ནང་བསྟན་གྱི་ཐོག་བགྲོ་གླེང་གནང་ཡག་རེད་འདུག བོད་རིགས་སྤྱི་མཐུན་ཚོགས་པའི་ཚོགས་ཆེན་དེ་བཞིན་ཨ་རི་སྐུ་ཚབ་དོན་ཁང་དང་། ནེའུ་ཡོག་དང་ནེའུ་ཇར་སི་བོད་རིགས་སྤྱི་མཐུན་ཚོགས་པས་གོ་སྒྲིག་གནང་གི་ཡོད་ཅིང་། ཕྱི་ཚེས་ ༨ ་ཉིན་གྱི་སྔ་དྲོ་ཆུ་ཚོད་ ༩་པའི་ཐོག་ཨ་རི་སྐུ་ཚབ་
དོན་ཁང་གི་དྲ་རྒྱའི་ཐོག་ཐད་གཏོང་གནང་རྒྱུ་ཡིན་པ་མ་ཟད། ནེའུ་ཡོག་དང་ནེའུ་ཇར་སི་བོད་རིགས་སྤྱི་མཐུན་ཚོགས་པའི་ངོ་དེབ་ཐོག་ལའང་ཐད་གཏོང་གནང་རྒྱུ་ཡིན་འདུག

གསར་འགོད་པ་རིག་ལྡན་སྒྲོལ་མ།

2025 M Street NW
Washington, DC 20036
+1 (202) 530-4900
tibetnews@rfa.org