ཨ་རིའི་གྲོས་ཚོགས་ཀྱི་ཚོགས་གཙོ་མཆོག་ཐེ་ཝན་དུ་གཟིགས་སྐོར་ཕེབས་རྒྱུ་ཡིན་འདུག

འདི་ཚེས་༡ཉིན་ཨ་རིའི་གྲོས་ཚོགས་འོག་མའི་ཚོགས་གཙོ་ལྕམ་ནན་སི་པེ་ལོ་སི་(Nancy Pelosi)་མཆོག་གིས་ཨེ་ཤེ་ཡའི་ཡུལ་གྲུ་ཁག་ཅིག་ནང་གཟིགས་སྐོར་ཕེབས་རྒྱུ་འགོ་བཙུགས་ནས་སེང་གྷ་པུར་ནང་འབྱོར་ཡོད་པ་དང་། ཐེ་ཝན་དང་ཨ་རིའི་འབྲེལ་ཡོད་དཔོན་རིགས་གཉིས་ཀྱིས་ལྕམ་པེ་ལོ་སི་མཆོག་གཟའ་མིག་དམར་ཉིན་ཐེ་ཝན་དུ་ཕེབས་རྒྱུ་ཡིན་པ་བརྗོད་ཡོད་པ་རོཡེ་ཀྲརསི་གསར་ལས་ཁང་གིས་ལུང་འདྲེན་གྱིས་གནས་ཚུལ་སྤེལ་འདུག
ཨ་རིའི་གྲོས་ཚོགས་འོག་མའི་ཚོགས་གཙོ་ནི། ཨ་རིའི་སྲིད་འཛིན་བགྲེས་གཞོན་རྣམ་གཉིས་ཀྱི་རྗེས་ཨ་རིའི་དཔོན་རིགས་མཐོ་ཤོས་ཨང་གསུམ་པ་དེ་ཡིན་ཞིང་། ལོ་ངོ་ཉི་ཤུ་རྩ་ལྔའི་རྗེས་འདི་ལྟ་བུའི་ཨ་རིའི་དཔོན་རིགས་མཐོ་གྲས་ཤིག་ཐེ་ཝན་དུ་ཕེབས་པ་ཐོག་མ་དེ་ཆགས་ཀྱི་ཡོད་པ་རེད། དེའི་ཐད་རྒྱ་ནག་གཞུང་གིས་རྒྱ་ནག་གི་དམག་དཔུང་གིས་ལན་འདེབས་མི་བྱེད་པར་དུས་ནམ་ཡང་སྡོད་ཀྱི་མ་རེད་ཅེས་ཉེན་བརྡ་བཏང་འདུག
ཕྱི་ལོ་༡༩༩༧ལོར་སྐབས་དེ་དུས་ཀྱི་ཨ་རིའི་གྲོས་ཚོགས་འོག་མའི་ཚོགས་གཙོ་(Newt Gingrich)་མཆོག་ཐེ་ཝན་དུ་ཕེབས་མྱོང་བ་དང་། སྐབས་དེ་དུས་རྒྱ་ནག་གཞུང་གིས་ཉེན་བརྡ་ཤུགས་ཆེ་བཏང་ཡོད་པ་རེད།
ཉེ་ཆར་ཕྱི་ཟླ་༧ཚེས་༢༨ཉིན་ཨ་རིའི་སྲིད་འཛིན་འཇཱོ་སྦཡེ་ཌེན་མཆོག་དང་རྒྱ་ནག་གི་སྲིད་འཛིན་ཞི་ཅིན་པིང་གཉིས་དྲ་ཐོག་མཇལ་མོལ་སྐབས། རྒྱ་ནག་གི་སྲིད་འཛིན་གྱིས་ལྕམ་ནེན་སི་པེ་ལོ་སི་ཐེ་ཝན་དུ་ཕེབས་འཆར་གྱི་གནད་དོན་ཐད། མེ་དང་གདོང་ཐུག་བྱས་ཚེ་རང་ཉིད་འཚིག་རྒྱུ་ཡིན་པ་དེ་ཨ་རིའི་ངོས་ནས་ཤེས་པ་བྱེད་དགོས་ཀྱི་རེད་ཅེས་ངོ་རྒོལ་དང་སྡིགས་རྭ་སྐུལ་ཡོད་པ་རེད། འོན་ཀྱང་ཨ་རིའི་ཕོ་བྲང་དཀར་པོའི་རྒྱལ་ཁབ་བདེ་འཇགས་སྲུང་སྐྱོང་ལྷན་ཁང་གི་མགྲིན་ཚབ་པ་(John Kirby)་ལགས་ཀྱིས་གཟའ་ཟླ་བའི་ཉིན། སི་ཨེན་ཨེན་(CNN)་གསར་ལས་ཁང་ལ། ཨ་རིའི་གྲོས་ཚོགས་ཀྱི་དཔོན་རིགས་ཐེ་ཝན་དུ་ཕེབས་པ་ནི་སྤྱིར་བཏང་མ་ཡིན་པའི་གནས་ཚུལ་ཞིག་མིན་པ་གསུངས་པ་དང་། ཁོང་གིས་ད་དུང་། ང་ཚོ་རྒྱལ་ཁབ་ཞིག་ཡིན་པའི་ཆ་ནས་དྲག་པོའི་ཚིག་རྩུབ་རང་བཞིན་དང་ཉེན་བརྡ་བཏང་པ་སོགས་ཀྱིས་དཔལ་ཞུམ་དགོས་དོན་མེད། གྲོས་ཚོགས་ཀྱི་ཚོགས་གཙོའི་འཚམས་གཟིགས་འདི་ནི་གལ་འགངས་རང་བཞིན་ཅན་ཞིག་ཡིན་སྟབས། ང་ཚོའི་ངོས་ནས་རྒྱབ་སྐྱོར་གང་དགོས་ཞུ་རྒྱུ་ཡིན་ཞེས་གསུངས་འདུག
ལྕམ་པེ་ལོ་སི་མཆོག་སངྒ་པུར་དང་། མ་ལེ་ཤེ་ཡ། ལྷོ་ཀོ་རི་ཡ། ཉི་ཧོང་བཅས་སུ་འཚམས་གཟིགས་གནང་རྒྱུ་ཡིན་པ་རེད། ཡིན་ཡང་ལྕམ་པེ་ལོ་སི་མཆོག་གི་གཞུང་འབྲེལ་གྱི་མཛད་འཆར་ནང་ཐེ་ཝན་དུ་ཕེབས་རྒྱུའི་སྐོར་གང་ཡང་གསལ་མིན་འདུག
འདི་ཚེས་༡རེས་གཟའ་ཟླ་བའི་ཉིན། ལྕམ་ནན་སི་པེ་ལོ་སི་མཆོག་གིས་སིངྒ་པུར་གྱི་སྲིད་བློན་ལི་ཧྲེན་ལུང་(Lee Hsien Loong)་དང་མཇལ་འཕྲད་ཀྱིས་ཡུལ་གཉིས་ཀྱི་འབྲེལ་ལམ་སྐོར་བཀའ་བསྡུར་གནང་ཡོད་འདུག
གསར་འགོད་པ། སྐལ་ལྡན་བློ་གྲོས།
རྩོམ་སྒྲིག་པ། སྐལ་ལྡན་བློ་གྲོས།
དྲ་ཐོག་སྤེལ་མཁན། ཀླུ་འབུམ།