ཨ་རིའི་གྲོས་ཚོགས་འོག་མའི་ཚོགས་གཙོ་ལྕམ་ནན་སི་པེ་ལོ་སི་ཐེ་ཝན་ནང་གཟིགས་སྐོར་ཕེབས་འཆར་འདུག
དེ་ཡང་རོའུ་ཊར་གསར་སྤེལ་ཁང་གིས་དབྱིན་ཇིའི་དཔལ་འབྱོར་དུས་བབ་ཀྱི་གནས་ཚུལ་ལུངས་དྲངས་ནས་གནས་ཚུལ་སྤེལ་བ་ལྟར་ན། མི་རིང་བའི་སྤྱི་ཟླ་༨པའི་ནང་ཨ་རིའི་གྲོས་ཚོགས་འོག་མའི་ཚོགས་གཙོ་ལྕམ་(Nancy Pelosi)་ཐེ་ཝན་ནང་གཟིགས་སྐོར་ཕེབས་འཆར་ཡོད་པའི་གནས་ཚུལ་སྤེལ་འདུག དེའི་ཐད་རྒྱ་ནག་གཞུང་གིས་འདི་ཚེས་༡༩རེས་གཟའ་མིག་དམར་ཉིན་བརྗོད་རྒྱུར། གལ་སྲིད་ཨ་རིའི་གྲོས་ཚོགས་འོག་མའི་ཚོགས་གཙོ་ལྕམ་(Nancy Pelosi)་ཡིས་ཐེ་ཝན་ནང་གཟིགས་སྐོར་གནང་བ་ཡིན་ན། རྒྱ་ནག་གིས་ཐབས་ཇུས་ཤུགས་དྲག་བཀོལ་ནས་ཡ་ལན་སློག་རྒྱུ་ཡིན་པའི་ཉེན་བརྡ་བཏང་ཡོད་འདུག
དབྱིན་ཇིའི་དཔལ་འབྱོར་དུས་བབ་གསར་ཤོག་གིས་རྒྱུས་ཡོད་མི་སྣ་ཞིག་གི་སྐད་ཆ་ལུང་འདྲེན་བྱས་བ་ལྟར་ན། ལྕམ་ནན་སི་པེ་ལོ་སི་ཡིས་སྣེ་ཁྲིད་པའི་སྐུ་ཚབ་ཚོགས་པས་རྒྱ་ནག་གིས་བདག་དབང་ཡོད་ཚུལ་བརྗོད་པའི་ཐེ་ཝན་ནང་གཟིགས་སྐོར་གནང་འཆར་ཡོད་པ་དང་། ད་དུང་ཨིན་རྡུ་ནི་ཤེ་ཡ་དང་། ཉི་ཧོང་། མ་ལེ་ཤེ་ཡ། སིང་གྷ་པུར་བཅས་ཀྱི་ནང་དུའང་གཟིགས་སྐོར་གནང་རྒྱུ་མ་ཟད། ཧ་ཝེ་ཡིར་རྟེན་གཞི་བྱས་པའི་ཨ་རིའི་རྒྱ་གར་རྒྱ་མཚོ་དང་ཞི་བདེ་རྒྱ་མཚོའི་མངའ་ཁུལ་གྱི་དམག་སྤྱི་ཁང་དུའང་དུས་ཐུང་རིང་སྡོད་རྩིས་ཡོད་པ་གནས་ཚུལ་སྤེལ་འདུག
དེའི་ཐད་ཨ་རིའི་གྲོས་ཚོགས་དང་ཨ་རིའི་ཕྱི་སྲིད་ལས་ཁུངས་ནས་ལན་འདེབས་གང་ཡང་བྱས་མེད་ལ། ཐེ་ཝན་ཕྱི་སྲིད་ལས་ཁུངས་ཀྱིས་ཀྱང་གཟིགས་སྐོར་དང་འབྲེལ་ཡོད་གནས་ཚུལ་གང་ཡང་འབྱོར་མེད་ཚུལ་བརྗོད་ཡོད། ཉེ་སྔོན་ཕྱི་ཟླ་བཞི་བར་ཨ་རིའི་གྲོས་ཚོགས་ཀྱི་ཚོགས་གཙོ་ལྕམ་ནན་སི་པེ་ལོ་སི་ཡིས་ཐེ་ཝན་ནང་གཟིགས་སྐོར་གནང་རྒྱུ་བྱས་ཡོད་ཀྱང་། སྐབས་དེར་ཁོང་མོར་ཏོག་དབྱིབས་རིམས་ནད་ཀྱི་ནད་རྟགས་ཐོན་པའི་རྐྱེན་ཕྱིར་འགྱངས་གནང་དགོས་བྱུང་ཡོད་པ་རེད། སྐབས་དེར་པེ་ཅིན་ནས་རྒྱ་ནག་ཕྱི་འབྲེལ་ལྷན་ཁང་གི་མགྲིན་ཚབ་པ་ཀྲི་ལི་ཅན་གྱིས་ལྕམ་ནན་སི་པེ་ལོ་སི་ཡི་གཟིགས་སྐོར་གང་རུང་གིས་རྒྱ་ནག་གི་བདག་དབང་ཆ་ཚང་ལ་གནོད་སྐྱོན་བཟོ་རྒྱུ་མ་ཟད། གལ་སྲིད་ཨ་རིས་རང་ཉིད་ཀྱི་འདོད་པ་བཞིན་བསྐྱོད་པ་ཡིན་ན་རྒྱ་ནག་གིས་ཐབས་ཤེས་ཤུགས་དྲག་བཀོལ་ཏེ་རྒྱལ་ཁབ་ཀྱི་བདག་དབང་ལ་སྲུང་སྐྱོབ་བྱེད་རྒྱུ་དང་། དེའི་མཇུག་འབྲས་ཐམས་ཅད་ཨ་རིས་འགན་འཁུར་དགོས་ཚུལ་བཤད་ནས་སྐྱོན་བརྗོད་དང་ཉེན་བརྡ་བཏང་ཡོད་པ་རེད།
གསར་འགོད་པ། ལྕགས་མོ་འཚོ།
རྩོམ་སྒྲིག་པ། རིག་ལྡན་སྒྲོལ་མ།
དྲ་ཐོག་རྩོམ་སྒྲིག་པ། དཔལ་ལྡན་རྒྱལ།
དྲ་ཐོག་སྤེལ་མཁན། ཀླུ་འབུམ།