ལྕམ་ནེན་སི་ པེལོསི་མཆོག་ལ་སྲིད་འཛིན་གྱི་རང་དབང་གི་གཟེངས་རྟགས་ཕུལ་བ།

2024.05.04
ལྕམ་ནེན་སི་ པེལོསི་མཆོག་ལ་སྲིད་འཛིན་གྱི་རང་དབང་གི་གཟེངས་རྟགས་ཕུལ་བ།
AFP

ཨ་རིའི་སྲིད་འཛིན་སྦཡེཌན་མཆོག་གིས་ ༢༠༢༤ ཟླ་ ༥ ཚེས་ ༣ ཉིན་ཨ་རིའི་གྲོས་ཚོགས་ཀྱི་ཚོགས་གཙོ་ཟུར་པ་དང་གྲོས་ཚོགས་འཐུས་མི་ལས་ཐོག་ལྕམ་ནེན་སི་ པེལོསི་མཆོག་ལ་སྲིད་འཛིན་གྱི་རང་དབང་གི་གཟེངས་རྟགས་ཕུལ་པ་དང་། ཁོང་ནི་ལོ་རྒྱུས་ནང་རྒྱལ་ཁབ་ཀྱི་ཁྲིམས་ཡིག་གནད་འགག་ཆེ་ཤོས་ཁག་ཅིག་གཏན་འབེབས་གནང་མཁན་གྲོས་ཚོཊ་འོག་མའི་ཚོཊ་གཙོ་ཤུཊ་ཆེ་ཤོས་འདི་རེད་ཅེས་གསུངས་འདུག
ཨ་མི་རི་ཀའི་སྲིད་འཛིན་སྦཡེཌན་མཆོག་གིས་ལྕམ་ནེན་སི་ པེལོསི་མཆོག་གིས་དབུས་མང་གཙོ་ཆབ་སྲིད་ཚོགས་པའི་ཤུགས་རྐྱེན་ལྡན་པའི་མི་སྣས་དབུས་ཆབ་སྲིད་འགོ་ཁྲིད་དང་། ཤུགས་རྐྱེན་ལྡན་པའི་སྤྱི་ཚོགས་ཀྱི་ཞབས་འདེགས་ཆེན་པོ་བསྒྲུབས་མྱོང་མཁན་གྱི་མི་སྣ་གནད་འགག་ཅན་ ༡༩ ལ་ཕྱི་ཟླ་ ༥ ཚེས་ ༣ ཉིན་ཕོ་བྲང་དཀར་པོའི་ཤར་ངོས་ཀྱི་ཚོགས་ཁང་ཞིག་ཏུ་ཨ་རིའི་སྲིད་འཛིན་གྱི་རང་དབང་གི་གཟེངས་རྟགས་གནང་ཡོད་ཅིང་། གཟེངས་རྟགས་འདི་ནི་ཨ་རིའི་གྲོས་ཚོགས་ཀྱི་གསེར་གྱི་གཟེངས་རྟགས་དང་ཚད་མཉམ་གྱི་ཨ་རིའི་སྤྱི་མང་གི་གཟེངས་རྟགས་མཐོ་ཤོས་འདི་ཡིན་པ་རེད།


གཟེངས་རྟགས་འབུལ་ཡུལ་གྱི་ཆབ་སྲིད་མི་སྣའི་ཁྲོད་ཨ་རིའི་གྲོས་ཚོགས་ཀྱི་ཚོགས་གཙོ་ཟུར་པ་ལྕམ་ནེན་སི་ པེལོསི་མཆོག་དང་ལྷན་ཨ་རིའི་སྲིད་འཛིན་གཞོན་པ་ཟུར་པ་ ཨེལ་གྷོར་མཆོག་དང་། ཕྱི་སྲིད་དྲུང་ཆེ་ཟུར་པ་ འཇོན་ ཀེརི་མཆོག ནིའུ་ཡོག་གི་གྲོང་སྡེ་སྤྱི་ཁྱབ་པ་ཟུར་པ་ མཡེཀལ་ སྦུལུམ་སྦརྒ་མཆོག ཨ་རིའི་ངལ་རྩོལ་དང་འགྲུལ་སྐྱེལ་སྡེ་ཚན་སོ་སོའི་དྲུང་ཆེའི་ཐུགས་འགན་བཞེས་མྱོང་པ་སྤྱི་མཐུན་ཚོགས་པའི་གྲོས་ཚོགས་འཐུས་མི་ཟུར་པ་ ཨེལི་ཛེ་སྦེཐ་ ཌོལ་མཆོག་སོགས་མི་སྣ་ ༡༩ ཡོད་འདུག་ཅིང་། སྲིད་འཛིན་མཆོག་གིས་ལྕམ་ནེན་སི་ པེལོསི་མཆོག་ནི་རྒྱལ་ཁབ་ཀྱི་ལོ་རྒྱུས་ནང་གི་ཁྲིམས་ཡིག་གནད་འགག་ཆེ་ཤོས་འགའ་ཞིག་གཏན་འབེབས་གནང་མཁན་གྱི་གྲོས་ཚོགས་འོག་མའི་ཚོགས་གཙོ་ཤུགས་ཆེ་ཤོས་འདི་རེད་ཅེས་ཆེ་བསྟོད་ཞུས་འདུག
ལྕམ་ནེན་སི་པེལོསི་མཆོག་ནི་བོད་ཀྱི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་དང་ཐུགས་ཧ་ཅང་ཉེ་པོ་ཡོད་པའི་བོད་དོན་ལ་རྒྱབ་སྐྱོར་ཤུགས་ཆེ་གནང་མཁན་དང་། ཨ་རིའི་ལོ་རྒྱུས་ཀྱི་བྱུང་བའི་ཁྲོད་གྲོས་ཚོགས་འོག་མའི་ཚོགས་གཙོ་འགན་འཁུར་བཞེས་མཁན་བེུད་དང་པོ་དེ་ཡིན་ཞིང་། བཞུགས་སྒར་རྡ་རམ་ས་ལ་དང་བོད་ཀྱི་རྒྱལ་ས་ལྷ་སར་ཆེད་ཕེབས་གནང་སྟེ་བོད་ཕྱི་ནང་གཉིས་ཀའི་བོད་མིའི་གནས་སྟངས་མཁྱེན་རྟོགས་ཡོད་མཁན་གྱི་དབུ་ཁྲིད་ཅིག་ཡིན་པ་རེད།
ལྕམ་ནེན་སི་པེ་ལོ་སི་མཆོག་ཕྱི་ལོ་ ༢༠༠༧ ལོར་ཨ་རིའི་གྲོས་ཚོགས་འོག་མའི་ཚོགས་གཙོར་འདེམས་བསྐོ་བྱུང་པ་ནི། ཨ་མི་རི་ཀའི་མང་གཙོའི་འཕེལ་རིམ་གྱི་ལོ་རྒྱུས་ནང་བེུད་ཚོགས་གཙོ་ཐོག་མར་དེ་ཆགས་ཤིང་། ལོ་ངོ་ ༣༦ ལྷག་གི་རིང་ཨ་རིའི་ཁེ་ལི་ཕོར་ནི་ཡ་མངའ་སྡེའི་ཁྱབ་ཁོངས་སེན་ཧྥརེན་སིསྐོ་གྲོང་ཁྱེར་གྱི་འཐུས་ཚབ་ཐོག་ནས་གྲོས་ཚོགས་འཐུས་མིའི་ཐུགས་འགན་བཞེས་ཡོད་པ་རེད།
གསར་འགོད་པ།  བཀྲིས་དབང་ཕྱུག    ཡེ་ཤེས་བཀྲིས།
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་སྐད་ཡིག་སྡེ་ཚན་ཕལ་ཆེ་བ་སྒོ་བརྒྱབ་རྒྱུའི་གསལ་བསྒྲགས།
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
ཨ་རྒྱ་གཉིས་ཀྱི་ཚོང་དམག་ཁྲོད་བཟོ་གྲྭ་མང་པོ་སྒོ་བརྒྱབ་པའི་རྐྱེན་གྱིས་རྒྱ་ནག་གི་ས་ཁུལ་གང་སར་ལས་མིས་ངོ་རྒོལ་བྱེད་བཞིན་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎