ལྕམ་ནེན་སི་ པེ་ལོ་སི་མཆོག་དུས་ཡུན་རིང་པོར་བོད་དོན་རྒྱབ་སྐྱོར་གནང་མཁན་གྱི་མི་སྣ་གལ་ཆེ་ཞིག་ཡིན།

ཨ་རིའི་གྲོས་ཚོགས་ཀྱི་ཚོགས་གཙོ་ཟུར་པ་ལྕམ་ནན་སི་ པེ་ལོ་སི་མཆོག་ནི་ཨ་རིའི་ཆབ་སྲིད་ནང་དུས་ཡུན་རིང་པོར་མི་སྣ་གལ་ཆེན་ཞིག་ཏུ་གྱུར་ཡོད་པ་དང་། ཁོང་གིས་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་དང་བོད་མི་ཚོ་དང་མཉམ་གྱི་འབྲེལ་ལམ་དེ་བཞིན་ཁོ་མོས་དྲང་བདེན་དང་རང་དབང་ལ་ལྷག་བསམ་རྣམ་དག་གིས་རྒྱབ་སྐྱོར་གནང་བའི་འབད་རྩོན་གྱི་དཔང་རྟགས་ཤིག་ཡིན་པ་མ་ཟད། རྒྱ་ནག་གིས་བོད་མི་གཙོས་པའི་རྒྱ་ནག་མི་དམངས་ཀྱི་འགྲོ་བ་མིའི་ཐོབ་ཐང་ལ་བཙན་གནོན་བྱེད་བཞིན་པར་སྐྱོན་བརྗོད་གནང་མཁན་གྱི་མཚོན་རྟགས་ཤིག་ཀྱང་ཡིན་པའི་སྐོར་༧སྐུའི་གཅེན་པོ་རྒྱལ་ལོ་དོན་གྲུབ་ལགས་ཀྱི་སྲས་མཁས་གྲུབ་དོན་གྲུབ་ལགས་ཀྱིས་ཕྱི་ཟླ་ ༨ ཚེས་ ༡༨ ཉིན་སྤེལ་བའི་ཆེད་རྩོམ་ནང་བཀོད་འདུག

AP071017029043.jpg
George W. Bush, Dalai Lama, Nancy Pelosi The Dalai Lama. center, flanked by President Bush, left, and House Speaker Nancy Pelosi of Calif., takes part in the Congressional Gold Medal Ceremony Honoring the Dalai Lama, Wednesday, Oct. 17, 2007, in the Capitol Rotunda on Capitol Hill in Washington. (AP Photo/Pablo Martinez Monsivais) (Pablo Martinez Monsivais/AP)

ཆེད་རྩོམ་དེའི་ནང་མུ་མཐུད་བཀོད་དོན་དུ། ཨ་རིའི་གྲོས་ཚོགས་ཀྱི་ཚོགས་གཙོ་ཟུར་པ་ལྕམ་ནན་སི་པེ་ལོ་སི་མཆོག་གིས་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་དང་། དེ་བཞིན་བོད་དོན་ཐད་ཀྱི་རྒྱབ་སྐྱོར་གནང་པའི་འབྲེལ་བ་དེ་ཡང་ལོ་ངོ་བཅུ་ཕྲག་ཁ་ཤས་གོང་ནས་བྱུང་ཡོད་པ་དང་། ཕྱི་ལོ་ ༡༩༨༩ ལོར་སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གིས་ནོ་སྦེལ་ཞི་བདེའི་གཟེངས་རྟགས་དགྱེས་བཞེས་མཛད་པའི་རྗེས་ཨ་རིའི་ཆབ་སྲིད་པ་མི་སྣའི་ཁྲོད་ནས་ལྩམ་པེ་ལོ་སི་མཆོག་ནི་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་དང་མཇལ་ཕྲད་ཞུ་མཁན་ཐོག་མའི་གྲས་ཤིག་ཡིན་ཞིང་། སྐབས་དེ་དུས་ཀྱི་མཇལ་འཛོམས་ནི་ཡུན་རིང་གི་མཛའ་གྲོགས་དང་བོད་མིའི་འགྲོ་བ་མིའི་ཐོབ་ཐང་གི་འཐབ་རྩོད་ཀྱི་འགོ་འཛུགས་ས་ཞིག་ཀྱང་ཆགས་ཡོད་པ་རེད་ཅེས་དང་། ལྕམ་པེ་ལོ་སི་མཆོག་གིས་བོད་དོན་རྒྱབ་སྐྱོར་གནང་པའི་དུས་སྐབས་གཙོ་བོ་གཅིག་ནི་ཕྱི་ལོ་ ༢༠༠༨ ལོར་པེ་ཅིང་ཨོ་ལིམ་པིཀསི་རྩེད་འགྲན་གྱི་སྐབས་ཡིན། ཕྱི་འབྲེལ་གྱི་ཐོག་ནས་འབྲེལ་ལམ་སྡུག་པོར་གྱུར་པའི་གནད་དོན་བྱུང་སྲིད་པའི་གནས་སྟངས་ལ་མ་ལྟོས་པར་ཁོང་མོས་གྲོས་ཚོགས་ཀྱི་སྐུ་ཚབ་ཚོགས་པ་ཞིག་སྣེ་ཁྲིད་དེ་བཙན་བྱོལ་བོད་གཞུང་གི་བསྟི་གནས་དྷ་རམ་ས་ལར་ཕེབས་ནས་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་དང་མཇལ་འཕྲད་ཞུས་ཏེ་བོད་མི་མང་ལ་གདུང་སེམས་མཉམ་སྐྱེད་ཀྱི་རྣམ་འགྱུར་བཏོན་གནང་ཡོད་ཅིང་། ལྕམ་པེ་ལོ་སི་མཆོག་གིས་རྒྱུན་ཆད་མེད་པར་ཆབ་སྲིད་ཀྱི་སྟེགས་བུའི་ཐོག་ནས་རྒྱ་ནག་གི་བཙན་གནོན་སྲིད་བྱུས་ལ་སྐྱོན་བརྗོད་དང་བོད་མི་རིགས་ཀྱི་ཐོབ་ཐང་རྩོད་ལེན་ལ་རྒྱབ་སྐྱོར་གནང་དང་གནང་མུས་ཡིན་པ་རེད་ཅེས་བཀོད་འདུག

AP24171333494062.jpg
Standing from L to R, Democratic Rep. Gregory Meeks, President of the Central Tibetan Administration Penpa Tsering, Republican Rep. Michael McCaul, and Democratic former House Speaker Nancy Pelosi, stand together as they arrive to attend at a public event during which the US delegates were felicitated by the Tibetan exiled government officials at the Tsuglakhang temple in Dharamshala, India, Wednesday, June 19, 2024. (AP Photo/Ashwini Bhatia) (Ashwini Bhatia/AP)

ཨ་རིའི་གྲོས་ཚོགས་ཀྱི་ཚོགས་གཙོ་ཟུར་པ་ལྕམ་པེ་ལོ་སི་མཆོག་གིས་ཨ་རིའི་གྲོས་ཚོགས་འོག་མའི་ཚོགས་གཙོའི་འགན་འཁུར་མཁན་བུད་མེད་ཐོག་མ་དེ་ཡིན་པའི་ཆ་ནས་བུད་མེད་ཀྱི་ཆབ་སྲིད་ནང་ལམ་སྟོན་པ་ཞིག་ཀྱང་ཆགས་ཡོད་པ་རེད། ལྕམ་པེ་ལོ་སི་མཆོག་གིས་རྒྱ་ནག་ཐོག་འཛིན་པའི་བཞེངས་ཕྱོགས་དེ་དམིགས་བསལ་གྱི་དོ་སྣང་བྱེད་འོས་པ་ཞིག་ཏུ་གྱུར་ཡོད་ཅིང་། ཁོང་གིས་རྒྱ་ནག་གི་འགྲོ་བ་མིའི་ཐོབ་ཐང་གི་གནས་བབ་དང་། རྒྱུན་ཆད་མེད་པར་རྒྱ་ནག་ལ་ལངས་ཕྱོགས་དམ་པོར་འཛིན་དགོས་པའི་འབོད་སྐུལ་བྱས་ཏེ་འགྲོ་བ་མིའི་ཐོབ་ཐང་དང་མང་གཙོའི་རིན་ཐང་ལ་སྐུལ་འདེད་གཏོང་བཞིན་ཡོད་པའི་ཁར། འགྲོ་བ་མིའི་ཐོབ་ཐང་དང་དྲང་བདེན་གྱི་ཁས་ལེན་རྒྱུན་འཁྱོངས་བྱེད་པའི་སྐབས་རྒྱལ་སྤྱིའི་ཆབ་སྲིད་ཀྱི་མགོ་རྙོག་ཅན་གྱི་གནས་སྟངས་ལ་འགྱུར་ལྡོག་གཏོང་ཐུབ་མཁན་གྱི་འཛམ་གླིང་ནང་གི་གལ་ཆེའི་ཆབ་སྲིད་མི་སྣ་ཞིག་ཏུ་འགྱུར་ཡོད་པའི་སྐོར་སོགས་མཁས་གྲུབ་དོན་གྲུབ་ལགས་ཀྱིས་ཆེད་རྩོམ་དེའི་ནང་མུ་མཐུད་བཀོད་འདུག ཡང་མཁས་གྲུབ་དོན་གྲུབ་ལགས་ཀྱིས་ Sunday guardain ཞེས་པའི་གསར་ལམ་ཐོག་དཔྱད་རྩོམ་གཞན་ཞིག་སྤེལ་ཡོད་པའི་ནང་ཨ་རིའི་སྲིད་འཛིན་འཇོ་བྷཡེཌན་མཆོག་གིས་༧གོང་ས་༧སྐྱབས་མགོན་མཆོག་ལ་དེ་སྔོན་ཁོང་གིས་ཁས་ལེན་བྱེད་པ་ལྟར་ངེས་པར་དུ་མཇལ་དགོས་ངེས་ཤིག་ཡིན་ཡང་ད་ལེན་གོ་སྐབས་དེ་ཤོར་བ་རེད་ཅེས་བྲིས་འདུག

གསར་འགོད་པ། འཆི་མེད།
རྩོམ་སྒྲིག་པ། རྡོ་རྗེ་དགྲ་འདུལ།
དྲྭ་ཐོག་རྩོམ་སྒྲིག་པ། བཀྲིས་དབང་ཕྱུག
དྲྭ་ཐོག་སྤེལ་མཁན། པ་སངས་དོན་ལྡན།