འབུམ་རམས་པ་རྣམ་རྒྱལ་མཆོག་གྲུབ་ལགས་ཀྱིས་བྱང་ཨ་རིའི་སྐུ་ཚབ་དོན་གཅོད་ཀྱི་ལས་ཁུར་དངོས་སུ་བཞེས།

བཀའ་ཤག་གི་བཀའ་དགོངས་བཞིན་བོད་དོན་བདེན་མཐའ་གསལ་ཐབས་སུ་ཞུ་གཏུག་དང་རྒྱབ་སྐྱོར་འཚོལ་ཐབས་བྱས་ནས་ཆིག་སྒྲིལ་དང་ནུས་བ་མཉམ་སྤུངས་གནང་རྒྱུ་ཡིན་པ་ཨ་རིའི་སྐུ་ཚབ་དོན་གཅོད་རྣམ་རྒྱལ་མཆོག་གྲུབ་ལགས་ཀྱིས་གསུངས་བྱུང་།

ཨ་རིའི་སྐུ་ཚབ་དོན་གཅོད་རྣམ་རྒྱལ་མཆོག་གྲུབ་ལགས། tibet.net

ཉེ་ལམ་ཟླ་༡༡་ཚེས་༡༩་ཉིན་བཀའ་དྲུང་ཡིག་ཚང་ནས་གསལ་བསྒྲགས་བཏང་ནས། ལས་བྱེད་འདེམས་བསྐོ་ལྷན་ཁང་གི་སྒྲིག་གཞི་དོན་ཚན་༡༩(༡)་དགོངས་དོན། ཕྱི་རྒྱལ་ཁག་ཏུ་སྐུ་ཚབ་དོན་གཅོད་རྣམས་སྲིད་སྐྱོང་དང་བཀའ་བློན་ཚང་འཛོམས་ཞིབ་གྲོས་དྲག་འདེམས་ཀྱིས་བཀའ་ཤག་ནས་བསྐོ་འཛུགས་གནང་བར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གི་སྐུ་ཚབ་ཀྱི་མཚན་གནས་སྩལ་རྒྱུ། ཞེས་གསལ་བ་ལྟར། འབུམ་རམས་པ་རྣམ་རྒྱལ་མཆོག་གྲུབ་ལགས་བྱང་ཨ་རིའི་སྐུ་ཚབ་དོན་གཅོད་དུ་བསྐོ་གཞག་བསྩལ་ནས། ཟླ་༡༢་ཚེས་༡་ནས་ལས་ཁུར་འགོ་འཛུགས་གནང་རྒྱུ་ཡིན་པ་གསལ་བ་ལྟར། ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གིས་དོན་གཅོད་གསར་པ་འབུམ་རམས་པ་རྣམ་རྒྱལ་མཆོག་གྲུབ་ལགས་སུ་མ་འོངས་འཆར་གཞི་དང་འཆར་སྣང་ཐད་བཅར་འདྲི་ཞུས་སྐབས། ཁོང་གིས། སྤྱིར་སྟངས་དོན་གཅོད་ནི་གཞུང་ཞབས་ཡིན་དུས་བཀའ་ཤག་གི་བཀའ་དགོངས་གཞིར་བཟུང་ཕྱག་ལས་གནང་དགོས་བ་སྨོས་མེད་ཐོག གཙོ་བོ་བོད་དོན་བདེན་མཐའ་གསལ་ཐབས་སུ་༧སྐྱབས་མགོན་དོན་གྱི་བདག་པོའི་དགོངས་གཞི་དང་། བོད་མི་མང་སྤྱི་འཐུས་ལྷན་ཚོགས་ནས་གཏན་ལ་ཕབ་ཡོད་པའི་གཉིས་ཕན་དབུ་མའི་ལམ་གྱི་སྲིད་ཇུས་གཞིར་བཟུང་། བོད་རྒྱ་ཞི་མོལ་ཡོང་ཐབས་འབད་བརྩོན་བྱེད་རྒྱུ་སོགས་ནི་བཀའ་ཤག་གི་འགན་ཡིན་པ་ལྟར། འདི་ནས་ཀྱང་ཨ་མི་རི་ཀ་ནི་རྒྱལ་སྤྱིའི་ཆབ་སྲིད་ཀྱི་སྣེ་ཁྲིད་མཁན་ཞིག་ཡིན་པས་ང་ཚོའི་ངོས་ནས་བོད་དོན་ཞུ་གཏུག་དང་རྒྱབ་སྐྱོར་འཚོལ་ཐབས་བྱེད་རྒྱུ་ཡིན། དེ་ཡང་རྒྱལ་སྤྱིའི་བོད་དོན་ལས་འགུལ་ཁང་དང་། བོད་རིགས་སྤྱི་མཐུན་ཚོགས་པ་སོགས་ཚོགས་སྡེ་ཁག་དང་མཉམ་འབྲེལ་བྱས་ནས་ལས་དོན་མཇུག་སྐྱོང་དང་ནུས་པ་གོང་འཕེལ་གཏོང་ཐབས་ཐད་ནུས་ཤུགས་འདོན་རྒྱུ་དང་། བཀའ་ཤག་གི་བཞེངས་ཕྱོགས་ལྟར། བོད་རིགས་སྤྱི་མཐུན་ཚོགས་པ་ཁག་དང་མཉམ་ཆིག་སྒྲིལ་ནུས་བ་མཉམ་སྤུངས་ཡོང་ཐབས་དང་། གཞན་བོད་མི་དང་བོད་རིགས་མ་ཡིན་པའི་ཚོགས་སྡེ་ཁག་དང་མཉམ་དུ་བོད་དོན་ཆེད་ནུས་པ་མཉམ་སྤུངས་བྱེད་རྒྱུ། བོད་ཀྱི་ཆོས་དང་སྐད་ཡིག་རིག་གཞུང་ཐད་ཆོས་ཚོགས་ཁག་དང་གཟའ་མཇུག་སློབ་གྲྭ་ཁག་ལ་འབྲེལ་བ་བྱས་ནས་མི་ཉམས་གོང་སྤེལ་གཏོང་ཐབས་ལ་འབད་བརྩོན་གནང་འཆར་ཡོད་པ་སོགས་ངོ་སྤྲོད་གནང་བྱུང་།
འབུམ་རམས་པ་རྣམ་རྒྱལ་མཆོག་གྲུབ་ལགས་ཀྱིས་དེ་སྔ་བོད་མིའི་སྒྲིག་འཛུགས་ཀྱི་དཔལ་འབྱོར་དང་བོད་ཀྱི་སྲིད་ཇུས་ཉམས་ཞིབ་ཁང་སོགས་སུ་ལོ་འགའ་ཤས་རིང་སྲི་ཞུ་སྒྲུབ་མྱོང་ཡོད་པ་དང་། རྒྱ་གར་ལྷོ་ཕྱོགས་མཡེ་སོར་གཙུག་ལག་སློབ་གཉེར་ཁང་དང་། དེའི་རྗེས་ཨ་རིའི་མངའ་སྡེ་མེ་སཱ་ཅུ་སེ་ཊིའི་ནང་ཡོད་པའི་(Brandeis)་གཙུག་ལག་སློབ་གྲྭ་ཆེན་མོ་ནས་རྒྱལ་སྤྱིའི་ཡུན་གནས་འཕེལ་རྒྱས་ཐོག་ལ་གཙུག་ལག་རབ་འབྱམས་པའི་སློབ་གཉེར་གནང་། གཞན་ཨ་རིའི་ཝ་ཤིན་ཊོན་གཙུག་ལག་སློབ་གྲྭ་ཆེན་མོ་ནས་མི་རྒྱུད་བྱུང་རབས་དཔྱད་རིག་ཐོག་འབུམ་རམས་པའི་སློབ་གཉེར་གནང་ནས་། ཨ་རིའི་གྲོང་ཁྱེར་སེན་ཊི་ལའུ་སིའི་(St. Louis)་ཁུལ་གྱི་ཝ་ཤིན་ཊོན་གཙུག་ལག་སློབ་གྲྭ་ཆེན་མོ་རུ་མི་རྒྱུད་དཔྱད་རིག་ཚན་པའི་ནང་ཕྱག་ལས་གནང་འདུག

གསར་འགོད་པ། ཚེ་དབང་དངོས་གྲུབ། ཀླུ་འབུམ།
རྩོམ་སྒྲིག་པ། ཚེ་བརྟན་རྣམ་རྒྱལ། རིག་ལྡན་སྒྲོལ་མ།
དྲ་ཐོག་རྩོམ་སྒྲིག་པ། དཔལ་ལྡན་རྒྱལ།
དྲ་ཐོག་སྤེལ་མཁན། ཀླུ་འབུམ། ནོར་སྡེ།

2025 M Street NW
Washington, DC 20036
+1 (202) 530-4900
tibetnews@rfa.org