བྱང་ཀོ་རི་ཡས་མེ་ཤུཊ་འཕུར་མདའ་ཚོད་ལྟ་བྱས་བས་མཁའ་ལམ་བདེ་འཇཊ་ལ་ཉེན་ཁའི་སེམས་འཚབ་བསྐྱེད་འདུག
བྱང་ཀོ་རི་ཡའི་མེ་ཤུགས་འཕུར་མདའ་ཚོད་ལྟ་བྱེད་བཞིན་པ་དེས་མཁའ་ལམ་འགྲུལ་བཞུད་ཀྱི་བདེ་འཇགས་ལ་ཉེན་ཁ་ཡོད་པའི་སེམས་འཚབ་བསྐྱེད་བཞིན་ཡོད་འདུག
-
2017-12-06 -
-
-
བྱང་ཀོ་རི་ཡའི་མེ་ཤུགས་འཕུར་མདའ་ཚོད་ལྟ་བྱེད་བཞིན་པ་དེས་མཁའ་ལམ་འགྲུལ་བཞུད་ཀྱི་བདེ་འཇགས་ལ་ཉེན་ཁ་ཡོད་པའི་སེམས་འཚབ་བསྐྱེད་བཞིན་ཡོད་འདུག
དེ་ཡང་(AFP)་གསར་ཁང་གིས་སྤྱི་ཚེས་༦་ཉིན་གནས་ཚུལ་སྤེལ་བ་ལྟར་ན། ལྷོ་ཀོ་རི་ཡའི་མཁའ་ལམ་སྐྱེལ་འདྲེན་གྱི་མགྲིན་ཚབ་པ་ཞིག་གིས་(AFP)གསར་ཁང་ལ། ལྷོ་ཀོ་རི་ཡའི་མཁའ་ལམ་འགྲུལ་བཞུད་ཀྱི་གནམ་གྲུ་ཞིག་ལྷོ་ཀོ་རི་ཡའི་གྲོང་ཁྱེར་(Incheon)་ནས་ཨ་རིའི་གྲོང་ཁྱེར་(San Francisco)་དུ་འཕུར་བསྐྱོད་སྐབས་གནམ་གྲུ་དེའི་ལས་མི་ཚོས་འོད་འཁྱུག་ཞིག་མཐོང་ཡོད་པ་དེ་བྱང་ཀོ་རི་ཡའི་མེ་ཤུགས་འཕུར་མདའ་ཡིན་པ་ཡིད་ཆེས་བྱས་ཡོད་སྐོར་ཉི་ཧོང་གི་བར་སྣང་སྟངས་འཛིན་ཕྱོགས་ལ་བརྗོད་འདུག ཡང་ཁོང་གིས་མུ་མཐུད་དུ་གནས་ཚུལ་དེ་བྱུང་ནས་སྐར་མ་བཞིའི་མཚམས་སུ་ཨ་རིའི་གྲོང་ཁྱེར་(Los Angeles)་ནས་ལྷོ་ཀོ་རི་ཡའི་གྲོང་ཁྱེར་(Incheon)་དུ་འཕུར་མཁན་གནམ་གྲུ་གཞན་ཞིག་གིས་དེ་ལྟར་མཐོང་ཡོད་པ་ཡང་ཉི་ཧོང་བར་སྣང་སྟངས་འཛིན་ཕྱོགས་ལ་བརྗོད་ཡོད་འདུག་པ་ངོ་སྤྲོད་བྱས་འདུག
ལྷོ་ཀོ་རི་ཡའི་སྐྱེལ་འདྲེན་ལྷན་ཁང་གི་མིང་བརྗོད་འདོད་མེད་པའི་དཔོན་རིགས་ཞིག་གིས། གོང་ཞུས་ལྷོ་ཀོ་རི་ཡའི་གནམ་གྲུ་དེ་གཉིས་ཀའི་འཕུར་ལམ་དེ་གཉིས་ནི་མེ་ཤུགས་འཕུར་མདའ་ཚོད་ལྟ་བྱས་ས་ནས་རྒྱང་ཐག་སྤྱི་ལེ་༢༢༠་ཙམ་གྱི་མཚམས་སུ་ཡོད་པ་བརྗོད་ཡོད་འདུག ཉི་ཧོང་སྐྱེལ་འདྲེན་ལྷན་ཁང་གིས་ཡུལ་དེའི་བར་སྣང་སྟངས་འཛིན་ཁག་ནས་གོང་ཞུས་འོད་འཁྱུག་དེ་འདྲ་ཐེངས་བཞི་ཙམ་མཐོང་ཡོད་པའི་ལན་འབྱོར་བ་བརྗོད་འདུག
(AFP)་གསར་ཁང་གིས་མུ་མཐུད་དུ་བྱང་ཀོ་རི་ཡས་ཕྱི་བསྒྲགས་མེད་པའི་སྒོ་ནས་མེ་ཤུགས་འཕུར་མདའ་ཚོད་ལྟ་བྱས་པ་དེའི་རིགས་ཀྱིས་མི་སེར་ཀྱི་མཁའ་ལམ་འགྲུལ་བཞུད་ཀྱི་བདེ་འཇགས་ལ་ཉེན་འཚབ་ཡོད་པ་སེམས་འཚབ་བྱེད་དགོས་པ་ཞིག་ཆགས་ཡོད་པ་རེད་ཅེས་བརྗོད་འདུག
གསར་འགོད་པ་གུ་རུ་ཆོས་སྐྱིད།