འབར་མའི་དྲག་པོའི་གཞུང་གི་ཕྱོགས་གཏོགས་ལ་རྒྱལ་ཁ་ཐོབ་པ།
2010.12.05
༄༅།།འབར་མའི་ནང་དྲག་པོའི་གཞུང་གི་ཕྱོགས་གཏོགས་ཚོགས་པར་རྒྱལ་ཡོངས་འོས་བསྡུའི་སྐབས་རྒྱ་ཆེའི་མང་ཚོགས་ཀྱིས་རྒྱབ་སྐྱོར་བྱས་པར་དགའ་བསུ་ཞུས་འདུག
གྲོང་ཁྱེར་ཡངྒོན་ནས་ཨེ་པི་གསར་ལས་ཁང་གིས་གནས་ཚུལ་སྤེལ་བར་གཞིགས་ན་ ཟླ་བ་བཅུ་གཅིག་པའི་ཚེས་བདུན་ཉིན་འབར་མའི་ནང་ལོ་ཉི་ཤུའི་རྗེས་སུ་རྒྱལ་ཡོངས་འོས་བསྡུ་ཐེངས་དང་པོ་བྱེད་སྐབས་དྲག་པོའི་གཞུང་གི་ཕྱོགས་གཏོགས་ཆིག་སྒྲིལ་དང་ཡར་རྒྱས་ཚོགས་པ་ལ་རྒྱལ་ཁ་ཆེན་པོ་ཐོབ་ཡོད་པ་ལྟར་རེས་གཟའ་ཉི་མའི་ཉིན་ཚོགས་པ་དེས་གཞུང་འཛིན་གསར་ཤོག་མ་ཡན་མ་ཨེལིན་ཞེས་པའི་ནང་ཤོག་ལྷེ་ཕྱེད་ཀ་བྱས་པའི་ཁྱབ་བསྒྲགས་ཤིག་སྤེལ་ནས་རྒྱ་ཆེའི་མང་ཚོགས་ཀྱིས་ཚོགས་པར་རྒྱབ་སྐྱོར་ཆེན་པོ་གནང་བར་བསྔགས་བརྗོད་བྱས་འདུག
ཁྱབ་བསྒྲགས་ནང་ཡུལ་དེའི་གྲོས་ཚོགས་ཀྱི་ཞབས་སྟེགས་༡༡༥༤ཡོད་པ་ནས་གཞུང་གི་ཕྱོགས་གཏོགས་ཚོགས་པར་ཞབས་སྟེགས་༨༨༢ཐོབ་ཡོད་ལུགས་འགྲེལ་བརྗོད་བྱས་འདུག ཕྱོགས་འགལ་ཚོགས་ཁག་དང་དྲག་པོའི་གཞུང་ལ་སྐྱོན་བརྗོད་བྱེད་མཁན་ཨ་མི་རི་ཀས་ལྟ་བུས་འོས་བསྡུ་དྲང་བདེན་དང་ཚུལ་མཐུན་བྱུང་མེད་ལུགས་སྐྱོན་བརྗོད་བྱེད་མུས་ཡིན་པ་རེད། ཁྱབ་བསྒྲགས་ནང་ཆིག་སྒྲིལ་དང་ཡར་རྒྱས་ཚོགས་པས་ རྒྱལ་ཁབ་ཀྱི་སྲུང་སྐྱོབ་དང་རྒྱ་ཆེའི་མང་ཚོགས་ཀྱི་འཚོ་རྟེན་དང་འགྲོ་བ་མིའི་ཐོབ་ཐང་བཅས་ཀྱི་ཐད་ནུས་པ་བཏོན་རྒྱུའི་ཁས་ལེན་བྱས་ཡོད་འདུག།