འབར་མའི་བློན་ཆེན་ནས་ལྕམ་ཨང་སན་སུ་ཅི་དང་མཇལ་འཕྲད།
2009.10.03
༄༅༎རེས་གཟའ་སྤེན་པའི་ཉིན་འབར་མའི་བློན་ཆེན་ཞིག་གིས་བཙོན་ཁང་ནང་ཡོད་པའི་ཕྱོགས་འགལ་ཚོགས་པའི་དབུ་འཁྲིད་ལྕམ་ཨང་སན་སུ་ཅི་དང་མཇལ་འཕྲད་ཞུས་འདུག གཟའ་འཁོར་གཅིག་ཙམ་གྱི་སྔོན་ལྕམ་ཨང་སན་སུ་ཅིས་རྒྱལ་སྤྱིའི་སྤྱི་ཚོགས་ནས་འབར་མའི་ཐོག་བཀལ་བའི་དཔལ་འབྱོར་གྱི་ཉེས་ཆད་ཕྱིར་བསྡུ་ཡོང་ཐབས་ཐད་འབད་བརྩོན་གནང་རྒྱུ་ཡིན་པ་གསུངས་ཡོད་པ་རེད།
འབར་མའི་ལས་རྩོལ་བློན་ཆེན་ཨང་སྐྱི་དང་ལྕམ་ཨང་སན་སུ་ཅིའི་དབར་རྒྱལ་ས་ཡང་གུན་གྱི་ཨིན་སཡེན་བཙོན་ཁང་གི་ནང་དུས་ཡུན་སྐར་མ་ལྔ་བཅུ་ཙམ་གྱི་རིང་མཇལ་འཕྲད་གནང་ཡོད་པ་འབར་མའི་ནང་སྲིད་ལས་ཁུངས་ཀྱི་མིང་འདོན་མ་བྱེད་པའི་ལས་བྱེད་པ་ཞིག་གིས་རོའུ་ཀྲར་གསར་ལས་ཁང་ལ་བརྗོད་ཡོད་པ་དང་ལས་རྩོལ་བློན་ཆེན་ནི་ལོ་གཉིས་ཀྱི་གོང་འབར་མའི་གཞུང་གིས་ལྕམ་ཨང་སན་སུ་ཅི་དང་གཞུང་འཛིན་དམག་དཔོན་ཚོའི་དབར་གྱི་འབྲེལ་འཐུད་པར་བསྐོ་བཞག་བྱས་པ་ཞིག་ཡིན་པ་རེད།
མཇལ་འཕྲད་འདི་སྔོན་ཚུད་ནས་གསལ་བསྒྲགས་བྱས་པ་ཞིག་མིན་སྟབས་ལྕམ་ཨང་སན་སུ་ཅིས་དབུ་འཁྲིད་པའི་འབར་མའི་རྒྱལ་ཡོངས་མང་གཙོ་ཚོགས་པའི་ངོས་ནས་གནས་ཚུལ་ཞིབ་ཕྲ་ཤེས་རྟོགས་བྱུང་མེད་པར་མ་ཟད་དོན་གནད་གང་ཞིག་གི་ཐད་བཀའ་མོལ་གནང་ཡོད་མིན་ཡང་ཤེས་རྟོགས་བྱུང་མེད་པ་རེད་འདུག
གཟའ་འཁོར་སྔོན་མར་ལྕམ་ཨང་སན་སུ་ཅི་མཆོག་གིས་འབར་མའི་དྲག་པོའི་དབང་འཛིན་པ་ཚོར་ཕྱག་བྲིས་ཤིག་ཕུལ་བའི་ནང་ཁོང་གི་ངོས་ནས་ནུབ་ཕྱོགས་ཡུལ་གྲུ་ཚོས་འབར་མའི་ཐོག་དཔལ་འབྱོར་གྱི་ཉེས་ཆད་ལྕི་པོ་བཀལ་ཡོད་པ་དེ་དག་ཕྱིར་བསྡུ་འབྱུང་ཐབས་ཐད་ཕྱག་རོགས་གནང་རྒྱུའི་ཐུགས་འདོད་ཡོད་པ་གསུངས་ཡོད་པ་རེད་ལ་དེ་བཞིན་གཟའ་མིག་དམར་ཉིན་ཨ་མི་རི་ཀའི་གཞུང་གིས་འབར་མའི་གཞུང་གི་སྐུ་ཚབ་མི་སྣ་དང་ཐུག་འཕྲད་གནང་ཞིང་འོན་ཀྱང་ཉེས་ཆད་ཕྱིར་བསྡུ་བྱ་རྒྱུའི་འཆར་གཞི་གང་ཡང་མེད་པ་འགྲེལ་བརྗོད་གནང་ཡོད་པ་རེད།
འབར་མའི་ལས་རྩོལ་བློན་ཆེན་ཨང་སྐྱི་ནི་འབྲེལ་འཐུད་བློན་ཆེན་ཡང་ཡིན་ཞིང་ཁོང་དང་ལྕམ་ཨང་སན་སུ་ཅིའི་དབར་ཁྱོན་བསྡོམས་སྔ་རྗེས་མཇལ་འཕྲད་ཐེངས་མ་དྲུག་ཙམ་གནང་མྱོང་ཡོད་པ་དང་ཐེངས་འདི་མ་རྩིས་པའི་མཇལ་འཕྲད་མཐའ་མ་དེ་ཉིས་སྟོང་བརྒྱད་ཀྱི་ཕྱི་ཟླ་དང་པོའི་ནང་གནང་ཡོད་པ་རེད། ད་རེས་ཀྱི་མཇལ་འཕྲད་འདི་ནི་རྒྱལ་ས་ཡང་གུན་གྱི་ཁྲིམས་ཁང་ཞིག་ནས་ལྕམ་ཨང་སན་སུ་ཅིས་ཁོང་བཟང་བཙོན་འོག་ཡོད་སྐབས་ཀྱི་ཁྲིམས་ལུགས་དང་འགལ་འཛོལ་གནང་བར་མུ་མཐུད་བཙོན་འཇུག་བྱ་རྒྱུའི་ཁྲིམས་བཅད་ལ་འགྱུར་བ་མེད་ལུགས་གསལ་བཤད་བྱས་པའི་ཉིན་གཅིག་གི་རྗེས་སུ་བྱུང་བ་ཞིག་ཡིན་ཞིང་ད་ལྟའི་ཆར་ལྕམ་ཨང་སན་སུ་ཅི་འཆར་ལོའི་འབར་མའི་རྒྱལ་ཡོངས་འོས་བསྡུ་མཇུག་མ་བསྒྲིལ་བར་བཟང་བཙོན་འོག་བཞུགས་དགོས་པ་ཆགས་རྒྱུ་ཡིན་པ་རེད༎