བོད་མདོ་དབུས་ཁམས་གསུམ་ནང་ལོ་གསར་སྲུང་བརྩི་ཞུ་གི་མེད་པ།
2009.02.25
༄༅༎བོད་མདོ་དབུས་ཁམས་གསུམ་ནང་འདི་ལོའི་ལོ་གསར་གྱི་དགའ་སྟོན་རྟེན་འབྲེལ་གནང་གི་མེད་པ་བཞིན་བོད་ཨ་མདོ་བླ་བྲང་བཀྲིས་འཁྱིལ་དགོན་པའི་ནང་དུ་ཡང་བོད་ཀྱི་ལོ་གསར་སྲུང་བརྩི་ཞུས་གནང་གི་མེད་པ་རེད་བཞག
གོང་ཞུས་དགོན་པ་དེའི་ནང་ལོ་ལྟར་བོད་ཀྱི་ལོ་གསར་སྲུང་བརྩི་གཟབ་རྒྱས་ཞུས་གནང་གི་ཡོད་ཀྱང་ན་ནིང་བོད་ས་ཡོངས་སུ་བོད་མི་ཚོས་རྒྱ་ནག་གཞུང་གི་དབང་བསྒྱུར་ལ་ཞི་བའི་ངོ་རྒོལ་གྱི་ལས་འགུལ་ཁྲོད་རྒྱ་ནག་གཞུང་གིས་དམ་བསྒྲགས་ཤུགས་ཆེའི་འོག་བོད་མི་མང་པོ་འདས་གྲོངས་སུ་གྱུར་བ་དང་མང་པོ་ཞིག་བཙོན་འཇུག་གི་སྡུག་བསྔལ་མནར་གཅོད་འོག་གནས་མུས་ལ་བརྟེན་ནས་འདི་ལོ་ཨ་མདོ་བླ་བྲང་བཀྲིས་འཁྱིལ་དགོན་པའི་ནང་མཆོད་མཇལ་དུ་ཕེབས་མཁན་བོད་མི་ཡང་རྒྱུན་ལྡན་ལྟར་མང་པོ་མཐོང་རྒྱུ་མེད་པ་དེས་འདི་ལོའི་ལོ་གསར་ལ་ངོ་རྒོལ་གྱི་རྣམ་པ་ཡོད་པ་གསལ་པོ་སྟོན་གྱི་ཡོད་པ་རེད། ཡང་ས་ཁུལ་དེའི་ནང་གཏན་བཞུགས་གནང་མཁན་མིང་དོན་གནང་འདོད་མེད་པའི་བེུད་ཞིག་གིས་ན་ནིང་ཕྱི་ཟླ་གསུམ་པའི་ནང་བོད་ཀྱི་རྒྱལ་ས་ལྷ་ས་གཙོ་བོར་འགྱུར་བའི་བོད་ས་ཡོངས་སུ་རྒྱ་ནག་གཞུང་གི་དབང་བསྒྱུར་ལ་ངོ་རྒོལ་གྱི་ལས་འགུལ་ཁྲོད་རྒྱ་ནག་གཞུང་གིས་དྲག་གནོན་ཤུགས་ཆེ་བྱས་སྟེ་བོད་མི་མང་པོའི་ཚེ་སྲོག་ཤོར་བ་དང་མང་པོ་ཞིག་བཙོན་འཇུག་བྱས་པ་སོགས་ཀྱི་གནས་སྟངས་ལ་བརྟེན་ནས་ས་ཁུལ་དེའི་ནང་ཡོད་པའི་བོད་མི་མང་ཆེ་བས་འདི་ལོ་བོད་ཀྱི་ལོ་གསར་སྲུང་བརྩི་ཞུ་གི་མེད་པ་རེད་ཅེས་གསར་འགོད་པར་གསལ་སྟོན་གནང་ཡོད་པ་རེད། དེ་ག་ནང་བཞིན་བོད་ཀྱི་རྒྱལ་ས་ལྷ་སའི་ནང་ཡོད་པའི་བོད་མི་མང་ཆེ་བས་འདི་ལོའི་བོད་ཀྱི་ལོ་གསར་སྲུང་བརྩི་ཞུས་གནང་གི་མེད་པ་རེད་བཅས་ཀྱི་གནས་ཚུལ་ཐོན་བཞག