ཨི་ཇིབ་གཞུང་དང་ཕྱོགས་འགལ་ཚོགས་པའི་བར་གྲོས་མོལ་བྱ་རྒྱུ།

ཁཆེའི་སྤུན་ཟླའི་ཚོགས་པ་ཞེས་པ་དེས་ཨི་ཇིབ་ཀྱི་ཆབ་སྲིད་དཀའ་རྙོག་སེལ་ཐབས་ཆེད་གཞུང་དང་གྲོས་མོལ་བྱེད་རྒྱུར་ཐག་གཅོད།

༄༅༎ནང་འཁྲུག་ནང་ལྷུངས་པའི་ཨི་ཇིབ་ནང་ཁ་ཆེའི་སྤུན་ཟླའི་ཚོགས་པ་སྟེ་ཞེས་པ་དེས་རྒྱལ་ཁབ་ཀྱི་ཆབ་སྲིད་དཀའ་རྙོག་སེལ་ཐབས་ཆེད་གཞུང་དང་གྲོས་མོལ་བྱེད་རྒྱུར་ཐག་གཅོད་བྱས་ཡོད་འདུག༎

འདས་པའི་ཉིན་བཅུ་གསུམ་རིང་མི་མང་གིས་གྱེན་ལངས་ཤུགས་ཆེ་བྱས་པའི་རྗེས་སུ་སྲིད་འཛིན་ཧོ་སེ་ནེ་མུ་སྦཁ་ཕྱི་ཟླ་དགུ་པའི་འོས་བསྡུར་བསྐྱར་དུ་མི་བཞེངས་རྒྱུའི་ཁས་ལེན་དང་སྦྲགས་སྲིད་འཛིན་གཞོན་པ་དང་སྲིད་བློན་གསར་པ་བསྐོ་གཞག་གནང་ཡོད་ཀྱང་ངོ་རྒོལ་བ་ཚོར་སྲིད་འཛིན་རང་ཉིད་འཕྲལ་དུ་ལས་འཁུར་མཚམས་འཇོག་དགོས་པའི་རེ་འདུན་ལ་འགྱུར་བ་མ་བཏང་བར་ངོ་རྒོལ་མུ་མཐུད་བྱེད་བཞིན་པ་རེད། དེ་འདྲར་ཡང་ད་ཆ་གཞུང་གིས་འགྲིག་འཇགས་ཀྱི་ཁོར་ཡུག་བསྐྲུན་དགོས་པའི་གནོན་ཤུགས་ལ་བརྟེན་ལ་ནས་གཞུང་དང་ཕྱོགས་འགལ་ཚོགས་པའི་སྐུ་ཚབ་ཁག་དང་གྲོས་མོལ་གནང་རྒྱུའི་ཁས་ལེན་གནང་ཡོད་པ་ལྟར་རེས་གཟའ་ཉི་མའི་ཉིན་ད་བར་ཁྲིམས་འགལ་ཡིན་པའི་ཕྱོགས་འགལ་ཚོགས་པ་ཆེ་ཤོས་ ཁ་ཆེའི་སྤུན་ཟླའི་ཚོགས་པའི་དབུ་ཁྲིད་ཁག་ཅིག་དབར་བརྒལ་གྱི་གཞུང་གསར་འཛུགས་ཀྱི་གྲོས་མོལ་ནང་མཉམ་ཞུགས་ཀྱིས་ངོ་རྒོལ་བ་ཚོའི་རེ་འདུན་འགྲུབ་ཀྱི་ཡོད་མེད་ཚོད་བལྟ་བྱེད་རྒྱུ་ཡིན་ལུགས་བརྒྱུད་ལམ་ཁག་གིས་གནས་ཚུལ་སྤེལ་བཞིན་པ་རེད། རེས་གཟའ་པ་སངས་ཉིན་གཞུང་འཛིན་རྒྱལ་ཡོངས་དམངས་གཙོ་ཚོགས་པའི་དབུ་ཁྲིད་ཡོངས་རྫོགས་དགོངས་པ་ཞུས་ཡོད་པར་བརྟེན་སྲིད་འཛིན་གྱི་སྲས་གཉིས་ཀྱི་གོ་གནས་ཀྱང་རང་བཞིན་གྱིས་ཤོར་ཡོད་འདུག། འོན་ཀྱང་ཁ་ཆེའི་སྤུན་ཟླའི་ཚོགས་པ་དང་མི་མང་གིས་སྲིད་འཛིན་མུ་བྷ་རཁ་འཕྲལ་དུ་དགོངས་པ་ཞུ་དགོས་པའི་དགོས་འདུན་ལ་འགྱུར་བ་མེད་པར་བརྟེན་གཞུང་དང་ཕྱོགས་འགལ་ཚོགས་པའི་དབུ་ཁྲིད་རྣམ་པའི་གྲོས་མོལ་ལམ་ལྷོངས་ཡོང་མིན་ཐེ་ཚོམ་གྱི་རང་བཞིན་དུ་གྱུར་ཡོད་རེད། ཨ་རིའི་ཕྱི་སྲིད་དྲུང་ཆེ་ ཧི་ལེ་རི་ ཁི་ལིནྚོན་མཆོག་གིས་ད་ལྟའི་གནས་སྟངས་རང་འཇགས་གནས་ཐབས་མེད་པས་ཚང་མས་མང་ཚོགས་ཀྱི་རེ་འདུན་འགྲུབ་རྒྱུར་རྒྱབ་སྐྱོར་གནང་དགོས་པའི་སྐུལ་དེད་འདི་ལྟར་གནང་འདུག།