ཧྥ་རན་སིར་གནས་སྡོད་བོད་མི་རྣམས་ནས་ (musée Guimet) འགྲེམས་སྟོན་ཁང་གི་མདུན་དུ་སླར་ཡང་ངོ་རྒོལ་སྐད་འབོད་ཀྱི་ལས་འགུལ་སྤེལ་ཡོད་པ།

2024.10.14
ཧྥ་རན་སིར་གནས་སྡོད་བོད་མི་རྣམས་ནས་ (musée Guimet) འགྲེམས་སྟོན་ཁང་གི་མདུན་དུ་སླར་ཡང་ངོ་རྒོལ་སྐད་འབོད་ཀྱི་ལས་འགུལ་སྤེལ་ཡོད་པ། ཧྥ་རན་སིའི་མི་མང་ནས་འགྲེམས་སྟོན་ཁང་མདུན་དུ་ངོ་རྒོལ་སྐབས། ༢༠༢༤།༡༠།༡༣ ཉིན།
Tibet Tenzin

ཉེ་ལམ་ཧྥ་རན་སིར་རྟེན་གཞི་བྱས་པའི་གྷུའི་མེཊི་ (musée Guimet) འགྲེམས་སྟོན་ཁང་གིས་བོད་ཀྱི་ཚབ་ཏུ་ཧི་མ་ལ་ཡའི་འཇིག་རྟེན་(Himalayan World) ཟེར་བ་སོགས་མིང་གསར་པ་བཏགས་པར་བོད་མི་དང་བོད་དོན་རྒྱབ་སྐྱོར་བ་ཚོས་འགྲེམས་སྟོན་ཁང་དེའི་མདུན་དུ་ངོ་རྒོལ་ལས་འགུལ་རིམ་པ་སྤེལ་ཡོད་པ་དང་བསྟུན། ཟླ་ ༡༠ པའི་ཚེས་ ༡༣ ཉིན་ཧྥ་རན་སིའི་བོད་རང་བཙན་སློབ་ཕྲུག་ཚོགས་པ་དང་ཧྥ་རན་སིའི་བོད་ཀྱི་གཞོན་ནུ་ལྷན་ཚོགས་གཉིས་ཐུན་མོང་གི་གོ་སྒྲིག་འོག ཧྥ་རན་སིའི་གྷུའི་མེཊི་ (musée Guimet) འགྲེམས་སྟོན་ཁང་གི་མདུན་དུ་ངོ་རྒོལ་སྐད་འབོད་ཀྱི་ལས་འགུལ་ཞིག་སྤེལ་ཡོད་པ་དང་། ལས་འགུལ་དེ་བཞིན་སྤེལ་དོན་ནི། ཧྥ་རན་སིའི་བོད་རང་བཙན་སློབ་ཕྲུག་ཚོགས་པའི་ངོས་ནས་དེ་སྔ་གྷུའི་མེཊི་འགྲེམས་སྟོན་ཁང་ལ་འགྲེམས་སྟོན་ཁང་དེའི་ནང་བོད་ཅེས་པའི་མིང་བསྐྱར་གསོ་དགོས་པ་དང་འབྲེལ་འགྲེམས་སྟོན་ཁང་དེའི་འགན་འཛིན་དང་གྲོས་མོལ་དགོས་པའི་ཕྱག་ཡིག་ཅིག་ཕུལ་ཡོད་ཀྱང་། ད་ཆ་ཟླ་བ་གཅིག་ཙམ་ཕྱིན་ཡོད་ཀྱང་ཡ་ལན་གང་ཡང་བྱས་མེད་པར་བརྟེན་ལས་འགུལ་དེ་ལྟར་སྤེལ་བ་ཡིན་ཞེས། ཧྥ་རན་སིའི་བོད་རང་བཙན་སློབ་ཕྲུག་ཚོགས་པའི་ཚོགས་གཙོ་བསྟན་འཛིན་དབྱངས་ཅན་ལགས་ཀྱིས་འདི་ག་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་གསུངས་བྱུང་།

51535f35-f352-4033-8acc-4276c31a90c0.jpg
Tibet Tenzin

གཞན་ཡང་ཧྥ་རན་སིའི་བོད་རང་བཙན་སློབ་ཕྲུག་ཚོགས་པའི་རྒྱུན་ལས་བསྟན་རྣམ་ལགས་ཀྱིས། གལ་ཏེ་འགྲེམས་སྟོན་ཁང་གྷུའི་མེཊི་ངོས་ནས་བདུན་ཕྲག་འདིའི་ནང་ཡིག་ལན་མ་སྤྲད་པ་ཡིན་ན། ཟླ་བ་འདིའི་ཚེས་ ༢༠ ཉིན་སླར་ཡང་ངོ་རྒོལ་གྱི་ལས་འགུལ་སྤེལ་རྒྱུའི་འཆར་གཞི་ཡོད་པ་གསུངས་ཀྱི་འདུག

ཐེངས་འདིར་ཧྥ་རན་སིའི་བོད་རང་བཙན་སློབ་ཕྲུག་ཚོགས་པ་དང་ཧྥ་རན་སིའི་བོད་ཀྱི་གཞོན་ནུ་ལྷན་ཚོགས་གཉིས་ཀྱིས་གོ་སྒྲིག་ཞུས་པའི་ངོ་རྒོལ་སྐད་འབོད་ཀྱི་ལས་འགུལ་དེའི་ཐོག ཧྥ་རན་སིར་གནས་སྡོད་བོད་མི་དང་བོད་དོན་རྒྱབ་སྐྱོར་བ་གྲངས་ ༤༠༠ ལྷག་ནས་མཉམ་བཞུགས་གནང་ཡོད་པ་དང་། སྐད་འབོད་ཀྱི་ལས་འགུལ་གྱི་བར་དུ་བོད་ཀྱི་རིག་གཞུང་འཁྲབ་སྟོན་སོགས་གནང་ཡོད་པ་དེར། ཕྱི་རྒྱལ་ཡུལ་མི་མང་པོ་ཞིག་ནས་དོ་སྣང་ཤུགས་ཆེ་གནང་ཡོད་པ་སོགས་ལས་འགུལ་ཚགས་ཚུད་གང་ལེགས་བྱུང་ཡོད་སྐོར། ཧྥ་རན་སིའི་བོད་རང་བཙན་སློབ་ཕྲུག་ཚོགས་པའི་རྒྱུན་ལས་བསྟན་འཛིན་ལགས་ཀྱིས་འགྲེལ་བརྗོད་གནང་གི་འདུག

87384256-09f1-41b4-8fdf-25050b0fae84.jpg
Tibet Tenzin

རྩ་བའི་ཉེ་ལམ་ཧྥ་རན་སིའི་རྒྱལ་ས་པ་རི་སེའི་འགྲེམས་སྟོན་ཁང་ ( Musée Quai Branly ) འགྲེམས་སྟོན་ཁང་གིས་བོད་ཀྱི་དངོས་རྫས་དཀར་ཆག་ནང། བོད་ཅེས་པའི་ཚབ་ཏུ་ཤི་ཙང་རང་སྐྱོང་ལྗོངས་ (Xizang Autonomous Region) ཟེར་བའི་ཐ་སྙད་བེད་སྤྱོད་བྱས་པ་དང་། དེ་བཞིན་གྷུའི་མེཊི་ (musée Guimet) འགྲེམས་སྟོན་ཁང་གིས་བོད་ཀྱི་འགྲེམས་སྟོན་ཁང་གི་ཚབ་ཏུ་ཧི་མ་ལ་ཡའི་འཇིག་རྟེན་(Himalayan World) ཟེར་བ་སོགས་མིང་གསར་པ་བཏགས་པར་བོད་མི་དང་བོད་དོན་རྒྱབ་སྐྱོར་བ་ཚོས་འགྲེམས་སྟོན་ཁང་དེ་གཉིས་ཀྱི་མདུན་དུ་ངོ་རྒོལ་ལས་འགུལ་རིམ་པ་སྤེལ་ཡོད་པ་དང་བསྟུན། ཟླ་ ༩ ཚེས་ ༢༥ ཉིན་འགྲེམས་སྟོན་ཁང་ ( Musée Quai Branly ) ད་ཕན་ནོར་འཁྲུལ་གང་ཤོར་ངོས་ལེན་གྱིས་འགྲེམས་སྟོན་ཁང་གི་བོད་དང་འབྲེལ་བའི་དཀར་ཆག་དང་ནང་གསེས་དབྱེ་བ་གང་ཡོད་ལ་བོད་ཅེས་པའི་ཐ་སྙད་བསྐྱར་འགོད་གང་མགྱོགས་བྱ་རྒྱུ་ཁས་ལེན་གནང་ཡོད་ཅིང་། གཟའ་འཁོར་གསུམ་གྱི་ནང་ཚུན་འགྲེམས་སྟོན་ཁང་ནང་ལ་གཟིགས་མོ་བ་ཕེབས་མཁན་ཚོའི་སྤྱན་ལམ་དུ་བོད་ཞེས་མིང་བསྐྱར་དུ་མིག་གི་མཐོང་རྒྱུ་ཡོད་པ་ཞིག་བཟོ་རྒྱུ་ཡིན་ཞེས་གསུངས་ཡོད་ཀྱང་། ཧྥ་རན་སིའི་འགྲེམས་སྟོན་ཁང་(musée Guimet) ནས་ད་བར་ལན་འདེབས་གང་ཡང་གནང་མེད་པར་བརྟེན། ཟླ་ ༩ ཚེས་ ༢༩ ཉིན་ཧྥ་རན་སིའི་བོད་རང་བཙན་སློབ་ཕྲུག་ཚོགས་པའི་སྣེ་ཁྲིད་འོག་བོད་མི་དང་བོད་དོན་རྒྱབ་སྐྱོར་བ་ཚོས་ (musée Guimet) འགྲེམས་སྟོན་ཁང་གི་མདུན་དུ་ངོ་རྒོལ་ལས་འགུལ་སྤེལ་ཡོད་ཡོད་པ་རེད།

གསར་འགོད་པ། བདེ་སྐྱིད་ཀུན་སྒྲོལ།

དྲྭ་ཐོག་སྤེལ་མཁན། བདེ་སྐྱིད་ཀུན་སྒྲོལ།





བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་སྐད་ཡིག་སྡེ་ཚན་ཕལ་ཆེ་བ་སྒོ་བརྒྱབ་རྒྱུའི་གསལ་བསྒྲགས།
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
ཨ་རྒྱ་གཉིས་ཀྱི་ཚོང་དམག་ཁྲོད་བཟོ་གྲྭ་མང་པོ་སྒོ་བརྒྱབ་པའི་རྐྱེན་གྱིས་རྒྱ་ནག་གི་ས་ཁུལ་གང་སར་ལས་མིས་ངོ་རྒོལ་བྱེད་བཞིན་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎