ཧྥ་རན་སིའི་བོད་རང་བཙན་སློབ་ཕྲུག་ཚོགས་པས་གྷུའི་མེཊི་འགྲེམས་སྟོན་ཁང་ལ་ཁྲིམས་ཐོག་ནས་ཉེན་བརྡ་བཏང་འདུག

2025.03.27
ཧྥ་རན་སིའི་བོད་རང་བཙན་སློབ་ཕྲུག་ཚོགས་པས་གྷུའི་མེཊི་འགྲེམས་སྟོན་ཁང་ལ་ཁྲིམས་ཐོག་ནས་ཉེན་བརྡ་བཏང་འདུག ལས་འགུལ་བ་རྣམས་ཀྱིས་གྷུའི་མེཊི་འགྲེམས་སྟོན་ཁང་ལ་ངོ་རྒོལ་བྱེད་བཞིན་པའི་སྐབས། ༢༠༢༥།༠༣།༢༣ ཉིན།
Tibet Tenzin

ཟླ་ ༣ ཚེས་ ༢༧ ཉིན་ཧྥ་རན་སིའི་བོད་རང་བཙན་སློབ་ཕྲུག་ཚོགས་པས་གྷུའི་མེཊི་འགྲེམས་སྟོན་ཁང་ (Musée Guimet) གིས་རྒྱ་ནག་གི་སྲིད་བྱུས་དང་མཐུན་པའི་ཐོག འགྲེམས་སྟོན་ཁང་གི་བོད་དང་འབྲེལ་བའི་དཀར་ཆག་ལ་ཧི་མ་ལ་ཡའི་འཇིག་རྟེན་ (Himalayan World) ཞེས་བཀོད་པར་སྐྱོན་བརྗོད་ཀྱིས། རིག་གཞུང་བློན་ཆེན་ (Rachida Dati) དང་གྷུའི་མེཊི་འགྲེམས་སྟོན་ཁང་གཉིས་ལ་ཁྲིམས་ཐོག་ནས་ཟླ་བ་གཅིག་ནང་ཚུན་དུ་ཐ་སྙད་བཅོས་བསྒྱུར་དགོས་པའི་ཉེན་བརྡ་བཏང་འདུག

གནད་དོན་དེ་འབྲེལ་ཧྥ་རན་སིའི་བོད་རང་བཙན་སློབ་ཕྲུག་ཚོགས་པའི་ཚོགས་གཙོ་བསྟན་འཛིན་དབྱངས་ཅན་ལགས་ཀྱིས། བོད་མི་དང་བོད་དོན་རྒྱབ་སྐྱོར་བ་རྣམས་ནས་གྷུའི་མེཊི་འགྲེམས་སྟོན་ཁང་ལ་ལས་འགུལ་གྱི་རྣམ་པ་འདྲ་མིན་བརྒྱུད་བོད་ཅེས་པའི་ཐ་སྙད་བཅོས་བསྒྱུར་དགོས་པའི་འབོད་སྐུལ་ཞུས་ཡོད་ཀྱང་། འགྲེམས་སྟོན་ཁང་དེས་གིས་བོད་དང་འབྲེལ་བའི་ཅ་དངོས་རྣམས་ལ་མུ་མཐུད་ཧི་མ་ལ་ཡའི་འཇིག་རྟེན་ (Himalayan World) ཞེས་པའི་ཐ་སྙད་བཀོལ་སྤྱོད་བྱེད་བཞིན་ཡོད་སྟབས། ཐེངས་འདིར་ཧྤ་རན་སི་བོད་རང་བཙན་སློབ་ཕྲུག་ཚོགས་པས་ཁྲིམས་ཐོག་ནས་ཉེན་བརྡ་བཏང་ཐོག གྷུའི་མེཊི་འགྲེམས་སྟོན་ཁང་ནས་ཟླ་བ་གཅིག་གི་ནང་ཚུན་དུ། འགྲེམས་སྟོན་ཁང་དེའི་བོད་དང་འབྲེལ་བའི་དཀར་ཆག་གི་ཐ་སྙད་བསྐྱར་གསོ་མ་ཐུབ་ཚེ། ཁྲིམས་གཏུག་རྒྱུན་འཁྱོང་བྱ་རྒྱུ་ཡིན་པའི་ཉེན་བརྡ་བཏང་ཡོད་ཅེས། འདི་ག་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་གསུངས་བྱུང་།

དེ་ཡང་ཧྥ་རན་སི་བོད་རང་བཙན་སློབ་ཕྲུག་ཚོགས་པས་སྤེལ་བའི་གསར་འགོད་བསྒྲགས་གཏམ་དེའི་ནང་། རྒྱ་ནག་གཞུང་གིས་བོད་ཀྱི་ལོ་རྒྱུས་ལ་འཁྱོག་བཤད་ཀྱིས་བོད་ཀྱི་རིག་གཞུང་དང་མི་རིགས་ཀྱི་ངོ་བོ་རྩ་མེད་བཟོ་ཐབས་ཀྱི་སྲིད་བྱུས་སྤེལ་བཞིན་པར། འགྲེམས་སྟོན་ཁང་དེ་ཉིད་ནས་རྒྱ་ནག་གི་སྲིད་བྱུས་དེ་བཞིན་ལམ་ལྷོངས་ཡོང་ཆེད་དུ་རམ་འདེགས་བྱེད་བཞིན་པ་ནི་དྲང་བདེན་མིན་པས། བོད་མི་རིགས་ཀྱི་ངོ་བོ་དང་རིག་གཞུང་ལ་བརྩི་བཀུར་དགོས་པ་ནན་བརྗོད་གནང་འདུག

སྔ་ལོར་ཧྥ་རན་སིའི་རྒྱལ་ས་ཕ་རི་སི་ནང་ཡོད་པའི་ (Musée Quai Branly) འགྲེམས་སྟོན་ཁང་གིས་བོད་ཀྱི་དངོས་རྫས་དཀར་ཆག་ནང། བོད་ཅེས་པའི་ཚབ་ཏུ་ཤི་ཙང་ (Xizang) ཟེར་བའི་ཐ་སྙད་བེད་སྤྱོད་བྱས་པ་དང་། དེ་བཞིན་གྷུའི་མེཊི་ (Musée Guimet) འགྲེམས་སྟོན་ཁང་གིས་བོད་ཀྱི་འགྲེམས་སྟོན་ཁང་གི་ཚབ་ཏུ་ཧི་མ་ལ་ཡའི་འཇིག་རྟེན་ (Himalayan World) ཟེར་བ་སོགས་མིང་གསར་པ་བཏགས་པར་བོད་མི་དང་བོད་དོན་རྒྱབ་སྐྱོར་བ་ཚོས་འགྲེམས་སྟོན་ཁང་དེ་གཉིས་ཀྱི་མདུན་དུ་ངོ་རྒོལ་ལས་འགུལ་རིམ་པ་སྤེལ་ཡོད་པ་དང་བསྟུན། ཟླ་ ༩ ཚེས་ ༢༥ ཉིན་འགྲེམས་སྟོན་ཁང་ (Musée Quai Branly) ཡིས་ད་ཕན་ནོར་འཁྲུལ་གང་ཤོར་ངོས་ལེན་གྱིས་འགྲེམས་སྟོན་ཁང་གི་བོད་དང་འབྲེལ་བའི་དཀར་ཆག་དང་ནང་གསེས་དབྱེ་བ་གང་ཡོད་ལ་བོད་ཅེས་པའི་ཐ་སྙད་བསྐྱར་འགོད་གང་མགྱོགས་བྱ་རྒྱུ་ཁས་ལེན་གནང་ཡོད་པ་རེད

གྷུའི་མེཊི་འགྲེམས་སྟོན་ཁང་ (Musee Guimet) མདུན་དུ་བོད་མི་རྣམས་ནས་ངོ་རྒོལ་སྐད་འབོད་ཀྱི་ལས་འགུལ་རིམ་པ་སྤེལ་ཡོད་ཀྱང་། ད་བར་འགྲེམས་སྟོན་ཁང་དེས་བོད་ཅེས་པའི་ཐ་སྙད་བསྐྱར་གསོའི་ཐད་ལག་བསྟར་གང་ཡང་བྱེད་མེད་པར་ལུས་འདག་ཅིང་། འདི་ཚེས་ ༢༣ རེས་གཟའ་ཉི་མའི་ཉིན། ཧྥ་རན་སིར་བཅའ་སྡོད་བོད་མི་དང་བོད་དོན་རྒྱབ་སྐྱོར་བ་ ༥༠ ཙམ་གྱིས་གྷུའི་མེཊི་འགྲེམས་སྟོན་ཁང་གི་མདུན་དུ་འདུ་འཛོམས་ཀྱིས་ངོ་རྒོལ་སྐད་འབོད་ཀྱི་ལས་འགུལ་ཐེངས་ཉི་ཤུ་རྩ་གསུམ་པ་དེ་སྤེལ་ཡོད་པ་རེད་འདུག

གསར་འགོད་པ། རྡོ་རྗེ་སྒྲོལ་མ། བདེ་སྐྱིད་ཀུན་སྒྲོལ།

རྩོམ་སྒྲིག་པ། བསྟན་འཛིན་པདྨ།

དྲྭ་ཐོག་སྤེལ་མཁན། བདེ་སྐྱིད་ཀུན་སྒྲོལ།



བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
ཁྲིམས་ཁང་གིས་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་མ་དངུལ་མཁོ་སྤྲོད་དགོས་པའི་ཁྲིམས་ཀྱི་ཐག་གཅོད་ལ་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གིས་དགའ་བསུ་ཞུས།
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
བོད་ནང་གི་རྫ་སྟོད་རྫོང་གི་ས་འགུལ་ཁྲོད་མི་རྒྱུ་གཉིས་ལ་གནོད་སྐྱོན་བྱུང་མེད་སྐོར། བོད་ནང་གི་བོད་མིས་འགྲེལ་བརྗོད་གནང་གི་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎