བོད་ཀྱི་ཅ་དངོས་དེ་དག་གྷུའི་མེཊི་ (musée Guimet) འགྲེམས་སྟོན་ཁང་ནང་མུ་མཐུད་འགྲེམས་སྟོན་བྱེད་ན། ཅ་དངོས་དེ་དག་ལ་བོད་ཀྱི་མིང་དེ་བསྐྱར་གསོ་བྱ་དགོས་ཞེས། བོད་མི་མང་ཡོ་རོབ་སྤྱི་འཐུས་ཐུབ་བསྟན་རྒྱ་མཚོ་ལགས་ཀྱིས་གསུངས་བྱུང་།
ཉེ་ལམ་ཧྥ་རན་སིའི་རྒྱལ་ས་པ་རི་སེའི་འགྲེམས་སྟོན་ཁང་ ( Musée Quai Branly ) འགྲེམས་སྟོན་ཁང་གིས་བོད་ཀྱི་དངོས་རྫས་དཀར་ཆག་ནང། བོད་ཅེས་པའི་ཚབ་ཏུ་ཤི་ཙང་རང་སྐྱོང་ལྗོངས་ (Xizang Autonomous Region) ཟེར་བའི་ཐ་སྙད་བེད་སྤྱོད་བྱས་པ་དང་། དེ་བཞིན་གྷུའི་མེཊི་ (musée Guimet) འགྲེམས་སྟོན་ཁང་གིས་བོད་ཀྱི་འགྲེམས་སྟོན་ཁང་གི་ཚབ་ཏུ་ཧི་མ་ལ་ཡའི་འཇིག་རྟེན་(Himalayan World) ཟེར་བ་སོགས་མིང་གསར་པ་བཏགས་པར་བོད་མི་དང་བོད་དོན་རྒྱབ་སྐྱོར་བ་ཚོས་འགྲེམས་སྟོན་ཁང་དེ་གཉིས་ཀྱི་མདུན་དུ་ངོ་རྒོལ་ལས་འགུལ་རིམ་པ་སྤེལ་ཡོད་པ་དང་བསྟུན། ཟླ་ ༩ པའི་ཚེས་ ༢༥ ཉིན་འགྲེམས་སྟོན་ཁང་ ( Musée Quai Branly ) གི་རྒྱལ་སྤྱིའི་གནད་དོན་སློབ་སྟོན་པ་སྐུ་ཞབས་ Clément Tougeron ལགས་ཀྱིས། ཧྥ་རན་སིར་གནས་འཁོད་བོད་ཀྱི་ཚོགས་པ་དྲུག་གི་སྐུ་ཚབ་འགྲེམས་སྟོན་ཁང་ནང། སྣེ་ལེན་གྱིས་གལ་ཆེན་ཚོགས་འདུ་འཚོགས་ཡོད་པ་དེའི་ཐོག ད་ཕན་ནོར་འཁྲུལ་གང་ཤོར་ངོས་ལེན་གྱིས་འགྲེམས་སྟོན་ཁང་གི་བོད་དང་འབྲེལ་བའི་དཀར་ཆག་དང་ནང་གསེས་དབྱེ་བ་གང་ཡོད་ལ་བོད་ཅེས་པའི་ཐ་སྙད་བསྐྱར་འགོད་གང་མགྱོགས་བྱ་རྒྱུ་ཁས་ལེན་གནང་ཡོད་ཅིང་། གཟའ་འཁོར་གསུམ་གྱི་ནང་ཚུན་འགྲེམས་སྟོན་ཁང་ནང་ལ་གཟིགས་མོ་བ་ཕེབས་མཁན་ཚོའི་སྤྱན་ལམ་དུ་བོད་ཞེས་མིང་བསྐྱར་དུ་མིག་གི་མཐོང་རྒྱུ་ཡོད་པ་ཞིག་བཟོ་རྒྱུ་ཡིན་ཞེས་གསུངས་ཡོད་ཀྱང་། ཧྥ་རན་སིའི་འགྲེམས་སྟོན་ཁང་(musée Guimet) ནས་ད་བར་ལན་འདེབས་གང་ཡང་གནང་མེད་པར་བརྟེན། ཟླ་བ་འདིའི་ཚེས་ ༢༩ ཉིན་ཧྥ་རན་སིའི་བོད་རང་བཙན་སློབ་ཕྲུག་ཚོགས་པའི་སྣེ་ཁྲིད་འོག་བོད་མི་དང་བོད་དོན་རྒྱབ་སྐྱོར་བ་ཚོས་ (musée Guimet) འགྲེམས་སྟོན་ཁང་གི་མདུན་དུ་ངོ་རྒོལ་ལས་འགུལ་སྤེལ་ཡོད་པ་དང་། ཐེངས་འདིའི་ངོ་རྒོལ་གྱི་དམིགས་ཡུལ་གཙོ་བོ་ནི། གྷུའི་མེཊི་ (musée Guimet) འགྲེམས་སྟོན་ཁང་གིས་བོད་ཀྱི་འགྲེམས་སྟོན་ཁང་གི་ཚབ་ཏུ་ཧི་མ་ལ་ཡའི་འཇིག་རྟེན་(Himalayan World) ཟེར་བ་སོགས་མིང་གསར་པ་བཏགས་པར་བརྟེན་ཡིན་ཞིང་། བོད་ཀྱི་ཅ་དངོས་དེ་དག་གྷུའི་མེཊི་ (musée Guimet) འགྲེམས་སྟོན་ཁང་ནང་མུ་མཐུད་འགྲེམས་སྟོན་བྱེད་ན། ཅ་དངོས་དེ་དག་ལ་བོད་ཀྱི་མིང་བཏགས་དགོས་པ་དང་བོད་ཀྱི་མིང་དེ་བསྐྱར་གསོ་བྱ་དགོས། ཞེས་ངོ་རྒོལ་ལས་འགུལ་ནང་མཉམ་བཞུགས་གནང་མཁན་བོད་མི་མང་ཡོ་རོབ་སྤྱི་འཐུས། ཐུབ་བསྟན་རྒྱ་མཚོ་ལགས་ཀྱིས་འདི་ག་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་གསུངས་བྱུང་།
གཞན་ཡང་ངོ་རྒོལ་གྱི་ལས་འགུལ་གོ་སྒྲིག་ཞུས་མཁན་ཧྥ་རན་སིའི་བོད་རང་བཙན་སློབ་ཕྲུག་ཚོགས་པའི་འབྲེལ་འཐུད་པ་Tibet བསྟན་འཛིན་ལགས་ཀྱིས། ཧྥ་རན་སིའི་རྒྱལ་ས་པ་རི་སི་གྲོང་ཁྱེར་གྱི་གི་མེ་ (Guimet) འགྲེམས་སྟོན་ཁང་གིས་ TIBET ཅེས་པའི་མིང་ཚིག་འབྲི་མེད་བཟོས་པ་དང་། འགན་འཛིན་མཆོག་གིས་མུ་མཐུད་ནས་བོད་མི་ཚོ་དང་མཇལ་འཕྲད་གནང་རྒྱུར་ཞལ་བཞེས་མ་གནང་བར། ཧྥ་རན་སིའི་བོད་རང་བཙན་སློབ་ཕྲུག་ཚོགས་པས་ཐད་ཀར་ངོ་རྒོལ་གྱི་ལས་འགུལ་སྤེལ་རྒྱུ་ཡིན་ཞིང་། ཐེངས་འདིའི་ངོ་རྒོལ་གྱི་ལས་འགུལ་ནང་མཉམ་ཞུགས་གནང་མཁན་མང་པོ་དང་ལས་འགུལ་ཚགས་ཚུད་གང་ལེགས་བྱུང་སོང་ཞེས་འབྲེལ་བརྗོད་གནང་གི་འདུག
རྩ་བའི་འགྲེམས་སྟོན་ཁང་ (musée Guimet) ཡི་འབྲེལ་ཡོད་མི་སྣས་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་ཡིག་ཐོག་ལན་འདེབས་གནང་བའི་ནང་། (musée Guimet) འགྲེམས་སྟོན་ཁང་གི་འབྲེལ་མཐུད་འགན་འཛིན་ནི་ཀོ་ལསི་རུའི་སན་ (Nicolas Ruyssen) ལགས་ཀྱིས། མིང་བསྒྱུར་དེ་ནི་ཨེ་ཤེ་ཡའི་མངའ་ཁུལ་གྱི་རིག་གཞུང་དེ་སྤྱིར་བཏང་གི་ཡུལ་སྐོར་སྤྲོ་འཆམ་པས་ལས་སླ་བའི་ཐོག་ནས་རྒྱ་ཁྱབ་ཤེས་རྟོགས་ཀྱི་ཆེད་དང་། འགྱུར་བ་དེ་ནི་ཧི་མ་ལ་ཡའི་ཆ་ཤས་སུ་འཚམས་པོ་དང་རྒྱ་གར་སོགས་རིག་གཞུང་གཞན་གྱི་མངའ་ཁུལ་དང་འཚམས་པོ་ཡོད་ཚུལ་བརྗོད་འདུག ཡིན་ན་ཡང་འགྲེམས་སྟོན་ཁང་གི་ངོས་ནས་སེམས་ཚབས་བྱེད་མཁན་ཚོགས་སྡེ་ཁག་དང་ཐུག་འཕྲད་ཀྱིས་གྲོས་མོལ་བྱེད་འདོད་ཡོད་ཅིང་། ཉེ་ཆར་གྱི་ངོ་རྒོལ་སྐྱོན་བརྗོད་དང་། ལྷག་པར་དུ་བོད་རིགས་ཚོགས་པས་ (Le Monde) གསར་ཤོག་ཐོག། སྐྱོན་བརྗོད་རྩོམ་ཡིག་སྤེལ་བ་དེ་ནི་འགྲེམ་སྟོན་ཁང་ལ་དོན་དངོས་རྩད་ཞིབ་བྱས་མེད་པར་བློ་ཕམ་གྱི་རྣམ་འགྱུར་བསྟན་དེ་ཡིད་ཕངས་བ་ཞིག་ལ་གནས་ཚུལ་རྫུན་མ་ཁྱབ་སྤེལ་ཕྱིན་པ་རེད་ཅེས་ཁ་གསབ་བྱས་འདུག
གསར་འགོད་པ། བསྟན་འཛིན་ཐར་འདོད།
རྩོམ་སྒྲིག་པ། བདེ་སྐྱིད་ཀུན་སྒྲོལ།
དྲྭ་ཐོག་སྤེལ་མཁན། བདེ་སྐྱིད་ཀུན་སྒྲོལ།