བོད་མི་མང་སྤྱི་འཐུས་ཚོགས་གཙོ་མཁན་པོ་བསོད་ནམས་བསྟན་འཕེལ་ལགས་ཀྱིས་སྣེ་ཁྲིད་པའི་སྐུ་ཚབ་ཚོགས་པ་ཞིག་དབྱིན་ཡུལ་དུ་འཚམས་གཟིགས་སུ་ཕེབས་འདུག

2024.11.18
བོད་མི་མང་སྤྱི་འཐུས་ཚོགས་གཙོ་མཁན་པོ་བསོད་ནམས་བསྟན་འཕེལ་ལགས་ཀྱིས་སྣེ་ཁྲིད་པའི་སྐུ་ཚབ་ཚོགས་པ་ཞིག་དབྱིན་ཡུལ་དུ་འཚམས་གཟིགས་སུ་ཕེབས་འདུག
Office of Tibet

བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་ཚོགས་གཙོ་མཁན་པོ་བསོད་ནམས་བསྟན་འཕེལ་ལགས་ཀྱིས་སྣེ་ཁྲིད་པའི་སྤྱི་འཐུས་ལྷན་ཚོགས་ཀྱི་སྐུ་ཚབ་རྣམས་ནས་ཕྱི་ཟླ་བཅུ་གཅིག་པའི་ཚེས་༡༧་ཉིན་དབྱིན་ཡུལ་གྱི་རྒྱལ་ས་ལོན་ཀྲོན་དུ་ཕེབས་འབྱོར་གྱིས་སྤྱི་ཚེས་༢༣་བར་ལོན་ཀྲོན་ནང་བོད་དོན་ཞུ་སྐུལ་གནང་རྒྱུ་དང་། དེ་རྗེས་སུ་ Scotland ཡི་གྲོང་ཁྱེར་ Edinburgh ལ་ཕེབས་ཏེ་ཕྱི་ཟླ་ ༡༡ ཚེས་ ༢༤ ནས་ ༢༧ བར་ལས་རིམ་ཁག་ཅིག་ནང་མཉམ་ཞུགས་གནང་རྒྱུ་སོགས་མཛད་རིམ་ཁག་ཅིག་ཡོད་པ་ལས་གཙོ་བོ་དབྱིན་ཇིའི་གྲོས་ཚོགས་རྒྱུས་ལོན་གནང་རྒྱུ་དང་དམིགས་བསལ་གྲོས་ཚོགས་གོང་འོག་གཉིས་ཀྱི་ཚོགས་གཙོ་སོགས་དང་མཇལ་འཕྲད་གནང་རྒྱུའི་མཛད་རིམ་ཡོད་པའི་སྐོར་ལ་དབྱིན་ཡུལ་བོད་ཀྱི་སྐུ་ཚབ་དོན་གཅོད་ཚེ་རིང་དབྱངས་སྐྱིད་ལགས་ཀྱིས་འདི་ག་རླུང་འཕྲིན་ཁང་ལ་གསུངས་བྱུང་།

ད་རེས་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་སྐུ་ཚབ་རྣམ་པའི་གཞུང་འབྲེལ་གཟིགས་སྐོར་ཕེབས་པའི་སྐབས་དེར་G20ཞེས་པའི་ཡར་ཐོན་ཅན་གྱི་རྒྱལ་ཁབ་༢༠ དབུ་ཁྲིད་ཀྱི་ལྷན་ཚོགས་ཟུར་དུ་དབྱིན་ཇིའི་སྲིད་བློན་དང་རྒྱ་ནག་གི་སྲིད་འཛིན་ཞི་ཅིན་ཕིང་གཉིས་ཐུག་འཕྲད་གནང་བ་ལྟར་། དབྱིན་ཡུལ་ནང་གི་བོད་མི་དང་བོད་དོན་རྒྱབ་སྐྱོར་བ་ཚོས་གོ་སྐབས་དེ་དང་བསྟུན་ནས་དབྱིན་གཞུང་གིས་རྒྱ་ནག་དང་འབྲེལ་བའི་ཐོག་ལ་སྙན་ཐོ་ཞིག་འདོན་སྤེལ་གནང་རྒྱུའི་ལས་གཞིར་འབྲེལ་ཡོད་བོད་དོན་རྒྱབ་སྐྱོར་ཚོགསཔ་ཁག་གིས་ཞུ་སྐུལ་གནང་རྒྱུའི་འཆར་གཞི་ཡོད་པ་དབྱིན་ཡུལ་ནང་གི་རྒྱལ་སྤྱིའི་བོད་ཀྱི་མཐུན་གྲོགས་ཞེས་པའི་ཚོགས་པ་བཙུགས་མཁན་དང་ཚོགས་གཙོ་དང་། དབྱིན་ཡུལ་བོད་རིགས་སྤྱི་མཐུན་ཚོགས་པའི་ཚོགས་གཙོ་ཟུར་པ་ཚེ་རིང་པ་སངས་ལགས་ཀྱིས་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གསུངས་བྱུང་།

ད་རེས་བོད་མི་དམངས་སྤྱི་འཐུས་ལྷན་ཚོགས་ཀྱི་སྐུ་ཚབ་རྣམ་པའི་གཞུང་འབྲེལ་གཟིགས་སྐོར་དེ་ནི་ཨ་རིའི་རྒྱལ་ཡོངས་མང་གཙོ་ཚོགས་པ་སྟེ་NDI ཞེས་པས་མཐུན་འགྱུར་རྒྱབ་གཉེར་གནང་བ་ཞིག་ཡིན་པ་དང་། སྐུ་ཚབ་ཚོགས་ཆུང་གི་འཐུས་མི་རྣམས་ལ་རྒྱལ་ཡོངས་མང་གཙོ་ཚོགས་པའི་ལས་བྱེད་དང་བོད་མི་མང་སྤྱི་འཐུས་ལྷན་ཁང་གི་ལས་རིམ་སྡེ་ཚན་གྱི་འགན་འཛིན་གཉིས་ཀྱང་ལྷན་བཅར་ཞུས་ཡོད་པ་རེད་འདུག 

གཞན་ཡང་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་སྐུ་ཚབ་ཚོགས་ཆུང་སྤྱི་འཐུས་བསྟན་པ་ཡར་འཕེལ་ལགས་དང་སློབ་དཔོན་ཐུབ་བསྟན་རྒྱལ་མཚན་ལགས་གཉིས་བོད་རང་དབང་སྒྲུབ་ཐབས་དང་རྒྱ་དཀར་ནག་གཉིས་ཀྱི་འབྲེལ་བ་ཚོགས་འདུ་དེ་ནི་བོད་ཀྱི་མཛའ་གྲོགས་ཚོགས་པ་དང་Jagjivan Ram Institute of Parliamentary Studies and Research ཞེས་པའི་ཞིབ་འཇུག་ཁང་གིས་ཚེས ༡༦ ཉིན་རྒྱ་གར་གྱི་ས་གནས་Patna ནང་གོ་སྒྲིག་གནང་བའི་ཚོགས་འདུར་ཞུགས་ཡོད་འདུག

སྐབས་དེར་རྒྱ་གར་གྱི་མངའ་སྡེ་ཁག་ནས་ཚོགས་ཞུགས་གནང་བའི་བོད་དོན་རྒྱབ་སྐྱོར་བ་ཚོས་རྒྱ་ནག་དང་བོད་ཀྱི་དཀའ་རྙོག་སེལ་ཐབས་དང་། རྒྱ་གར་གྱི་རྒྱལ་ཁབ་བདེ་འཇགས་གཉིས་དབར་ཐད་ཀའི་འབྲེལ་བ་ཡོད་པ་དང་། དམིགས་བསལ་བོད་མིའི་རང་དབང་སྲུང་སྐྱོབ་ཐོག་རྒྱ་དཀར་ནག་གཉིས་ལ་ཐུན་མོང་དུ་ཡོད་པའི་རིག་གཞུང་སྲུང་སྐྱོབ་ཐད་གལ་གནད་ཆེན་པོ་ཡིན་པའི་སྐོར་ནན་བརྗོད་བྱས་ཡོད་པ་རེད།

Untitled design (28).png

སྐབས་དེར་བོད་བོད་མི་དམངས་སྤྱི་འཐུས་སྐུ་ཚབ་ནས་རྒྱ་གར་དང་རྒྱ་ནག་གི་འབྲེལ་ལམ་ཚོགས་འདུའི་ཐོག་བོད་དོན་སྐོར་ཤུགས་ཆེར་གླེང་སློང་གནང་ཡོད་པ་རེད་། སྐབས་དེར་སྤྱི་འཐུས་སློབ་དཔོན་ཐུབ་བསྟན་རྒྱལ་མཚན་ལགས་ཀྱིས་ལོ་རྒྱུས་ཀྱི་ཐོག་ནས་རང་བཙན་ཡིན་པའི་གནས་བབ་སྐོར་གསུངས་ཏེ་། དབྱིན་ཇིའི་དབང་བསྒྱུར་འོག་ཡོད་སྐབས་ཕྱི་ལོ་ ༡༩༡༤ ལོར་སིམ་ལའི་ཆིངས་ཡིག་དང་། དེ་བཞིན་བོད་དེ་རང་བཙན་གྱི་རྒྱལ་ཁབ་ཅིག་ཡིན་པའི་ཆ་ནས་ཕྱི་ལོ་ ༡༩༤༧ ལོར་ལྡི་ལིར་ཚོགས་པའི་ཨེ་ཤེ་ཡའི་རྒྱལ་ཁབ་ཁག་གི་ལྷན་ཚོགས་སུ་བོད་རང་བཙན་གྱི་ངོ་བོའི་ཐོག་ནས་མཉམ་ཞུགས་གནང་ཡོད་པ་སོགས་ཀྱི་སྐོར་གསལ་འདོན་གནང་འདུག

གསར་འགོད་པ།  གཡུ་སྒྲོན
རྩོམ་སྒྲིག་པ། དོན་གྲུབ་རྣམ་རྒྱལ།
དྲ་ཐོག་རྩོམ་སྒྲིག་པ། དཔལ་ལྡན་རྒྱལ།
དྲྭ་ཐོག་སྤེལ་མཁན། ནོར་སྒྲོན། 
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་མཆོག་གིས་ཨ་རིར་གཞུང་འབྲེལ་ཕྱོགས་ཕེབས་དང་འབྲེལ་ཨ་རིའི་བོད་དོན་དམིགས་བསལ་འབྲེལ་མཐུད་པ་བསྐོ་གཞག་དགོས་པའི་འབོད་སྐུལ་ཞུས་འདུག
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
ཌེ་ལྦེཌ་པར་ཌུ་ལགས་ཨ་རིའི་རྒྱ་ནག་གི་གཞུང་ཚབ་ཆེན་མོར་བསྐོ་གཞག་གནང་གཏན་འཁེལ་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎